བོད་ལྗོངས།
༄༅།།འདས་མཆོད་ཀྱི་འཛེམ་བྱའི་སྐོར།

    བོད་མིའི་གོམས་སྲོལ་ལྟར་ན། གང་ཞིག་ཚེ་ལས་འདས་པའི་རྗེས་བླ་མས་འཕོ་བ་མ་གནང་གོང་དེ་ཡི་ཕུང་པོར་མི་གང་བྱུང་གིས་ལག་པ་འཆང་བའི་རིགས་དང་། དེ་འབྲེལ་གྱི་སྤུན་མཆེད་ཚོས་མྱ་ངན་གྱི་དུས་ཚོད་མ་འདས་གོང་ནས་སྐྲ་སླས་གདོང་འཁྲུ་བྱེད་པ། གྱོན་ཆས་གསར་པའི་རིགས་གྱོན་པ། ཁང་ཐོག་གི་དར་ལྕོག་མི་འབེབས་པ། གླུ་གར་དང་རྩེད་འཇོའི་རིགས་བཅས་ལ་འཛེམ་དགོས་མ་ཟད། ཐ་ན་གྲོང་པ་ཁྱིམ་མཚེས་དང་། ཚོ་བ་དགའ་ཉེ་བློ་དཀར་ཚོས་ཀྱང་གཤིན་པོ་ཚེ་ལས་འདས་པའི་མྱ་ངན་མཚོན་བྱེད་དུ་རེ་ཞིག་གོང་གསལ་གྱི་འཛེམ་བྱ་དག་ལ་དོ་སྣང་ཆེན་པོ་བྱེད་སྲོལ་ཡོད། གཞན་ཡང་སྐུ་ཕུང་སྐྱེལ་དུས་ཕྱི་མིག་བལྟ་བ་དང་། སྡུག་ཆང་འདྲེན་དུས་ཡས་སྒྲོན་རྒྱག་པའི་རིགས་ནི་དེ་བས་ཀྱང་འཛེམ་དགོས་པའི་བྱ་བ་ཞིག་རེད།

    མི་འཆི་ཁར་ངེས་པར་འཛེམ་དགོས་པ་ཞིག་ནི། འཆི་ཁར་ནད་པའི་ཉལ་གདན་དུ་གཅན་གཟན་དང་དུད་འགྲོའི་པགས་རིགས་འདིང་མི་རུང་བ་དང་། ལུས་ལ་པགས་རིགས་གྱོན་ཡོད་ཚེ་དབུགས་ཀྱི་རྒྱུ་བ་མ་ཆད་པའི་སྔོན་ཙམ་ནས་ཕུད་དགོས། གང་ལགས་ཞེ་ན། འཆི་དུས་ལུས་ལ་འབྱར་བའི་པགས་རིགས་ཡོད་ན་འཕོ་བ་ཐེབས་དཀའ་ཚུལ་བཤད། གཞན་ཡང་ཕུང་པོ་དུར་འདོན་མ་ཟིན་པར་ཕུང་པོའི་འཁྲིས་སུ་ཁྱི་དང་ཞི་མི་མི་གཏོང་བ་དང་། ལྷག་པར་དུ་ཞི་མི་མི་ཤོར་བར་གཟབ་ཟོན་བྱ་དགོས། གང་ལགས་ཞེ་ན། སེམས་ཅན་དེ་ཚོའི་སྤུ་ལ་གྲ་ཡོད་པས་ཕུང་པོའི་སྟེང་བསྡད་ཚེ་གདོན་ཞུགས་ཏེ་རོ་ལངས་རྒྱག་ཡོང་ཟེར་སྲོལ་ཡོད།

    གང་ཞིག་ཚེ་ལས་འདས་རྗེས་ཕུང་པོ་ཙོག་བུ་བཟོས་ནས་རྩྭ་ཐག་གིས་དམ་པོར་བསྡམས་ཏེ། གོས་སམ་མང་ཆེ་བ་མལ་ཆས་ཉལ་གཟན་དཀར་པོ་ཞིག་གིས་བཏུམས་ནས་འཆི་སའི་ཁང་པ་དེའི་ཟུར་ཁུག་ཏུ་ས་ཕག་འགའ་ཤས་བསྒྲིགས་པའི་སྟེང་ཡོལ་བ་འཐེན་ནས་འཇོག་དགོས། དེ་ལྟར་མ་བྱས་པར་གདན་ཁྲིའམ་ས་གང་རུང་སྟེང་བཞག་ན་དེར་དུར་ས་ཆགས་ཏེ་རྗེས་སུ་ཁང་པ་དེའི་ནང་མི་བདེ་བ་ཡོང་ཟེར་སྲོལ་འདུག རྩྭ་ཐག་གིས་བསྡམས་པའི་རྒྱུ་མཚན་ནི་གཅིག་ཏུ་རོ་ལངས་མི་རྒྱག་པའི་ཆེད་དང་། ལུས་པོ་གཉོམ་ཆུང་རིགས་ཀྱིས་དུར་སྐྱེལ་བྱེད་སྐབས་རྒྱབ་ལ་འཁུར་བདེ་བའི་ཆེད་ཡིན་པ་དང་། རྩྭ་ཐག་མཁྲེགས་ཤིང་གཙང་མ་ཡིན་པ་མ་ཟད། དུར་ཁྲོད་དུ་བསང་ཤིང་དང་མཉམ་དུ་ཐག་པ་མེར་བསྲེགས་དགོས།

    གཞན་ཡང་ཕུང་པོ་སྐྱེལ་དུས་ལམ་བར་དུ་ངལ་གསོ་བྱེད་པ་དང་། བྱ་གཏོར་གྲུབ་རྗེས་སྐྱེལ་མི་རྣམས་གཤིན་པོའི་ཁྱིམ་དུ་འགྲོ་བ། ཚྭ་ལ་སོགས་པའི་ལྟོ་ཆས་ལྷག་མ་རྣམས་རང་གི་ཁྱིམ་ལ་འཁྱེར་བ་སོགས་ནི་དེ་བས་མི་རུང་བ་ཞིག་རེད། གཞན་འབྲུམ་ནད་དང་མཛེ་ནད་སོགས་འགོ་ནད་ཚབས་ཆེས་ཤི་བའི་ཕུང་པོ་བྱ་གཏོར་དང་ཆུ་བསྐྱུར་གཉིས་ཀ་མི་རུང་བར། ས་སྦས་གཏོང་བ་ནི་འགོ་ནད་དེ་དག་མི་དང་བྱ་རྒོད་སོགས་ལ་ཁྱབ་པར་སྔོན་འགོག་དང་དགེ་ཕན་བྱེད་པ་མཚོན་པ་ཡིན། དེ་བཞིན་མཚོན་འོག་ཏུ་ཤི་བའི་རིགས་ཀྱང་བྱ་ལ་སྟོར་མི་རུང་སྟབས་ཆུ་ལ་བསྐྱུར་དགོས། བོད་མིའི་དུར་ཁྲོད་དུ་གཅོད་པ(རོ་བཤའ་དང་སྟོབས་ལྡན་ཡང་ཟེར)ཡོད་ན་དེས་རོ་བརྡུང་རྒྱུ་དང་། མེད་ན་མི་གཞན་གྱིས་བརྡུང་བ་ལས། ཕ་མ་དང་ཞང་པོ་སོགས་ཀྱིས་བཅིངས་བསྲེག་སྟོར་གསུམ་ལ་ཤིན་ཏུ་འཛེམས་ཤིང་།རུས་པ་གཅིག་པའི་མིས་ཀྱང་ཕན་ཚུན་རུས་པ་མི་རྡུང་། སྐུ་ཕུང་སྐྱེལ་ཚར་རྗེས་ཁྲུས་བྱས་ནས་ལོག་དགོས་པར་བཤད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001349790331