བོད་ལྗོངས།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མིང་ཚིག་འགྲེལ་པ།

    དབུལ་པོ་དབུལ་ནག

    “དབུལ་པོ་དབུལ་ནག”ཞེས་པ་དེ་སྤྱིར་ན། སྤྱི་ཚོགས་དཔལ་འབྱོར་གྱི་ཆ་རྐྱེན་དང་འཚོ་བ་སྐྱེལ་སྟངས་ངེས་ཅན་ཞིག་གི་འོག མི་སྒེར་དང་ཁྱིམ་ཚང་གི་ཡོང་འབབ་ལ་བརྟེན་ནས་མ་མཐའི་འཚོ་གནས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པའི་འཚོ་བ་སྐྱེལ་ཚུལ་ཞིག་ལ་ཟེར། རྒྱལ་སྤྱིའི་སྤྱི་འགྲོས་སུ་རྒྱལ་ཁབ་བམ་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ཆུ་ཚད་ལ་གཞིགས་ཏེ་མ་མཐའི་འཚོ་བའི་གཏོང་འབོར་གྱི་ཚད་གཞི་དབྱེ་འབྱེད་གཏན་འཁེལ་བྱེད་པ་དང་། དབུལ་པོ་དབུལ་ནག་གི་ཚད་གཞི་གཏན་འཁེལ་བྱེད་ཀྱི་ཡོད། 《〈དབུལ་ཁོངས་ནས་དོན་པའི་ལམ་སྲོལ་འཛུགས་རྒྱུའི་བསམ་འཆར་སྐོར་གྱི〉ཀྲུང་གུང་ཀྲུང་དབྱང་དོན་གཅོད་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དོན་གཅོད་ཐིང་གི་བརྡ་ཐོའི》(ཐིང་ཡིག【2016】ཡིག་ཨང16པའི)ཐོག 2020ལོར་སླེབས་སྐབས་དབུལ་པོའི་ཁྱིམ་དུད་ལ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་4000ཡན་ཟིན་པའི་ཐོག ལྟོ་གོས་གཉིས་ལ་སེམས་ཁྲལ་མེད་པ་དང་། གཞི་རྩའི་སྨན་བཅོས་དང་། འགན་བབས་སློབ་གསོ། སྡོད་ཁང་གི་བདེ་འཇགས་བཅས་འགན་སྲུང་ཐུབ་པའི་ཚད་གཞི་དེར་སླེབས་ཐུབ་པ་བྱེད་རྒྱུའི་བླང་བྱ་ཁ་གསལ་བཏོན་ཡོད།

    “གཉིས་གཏོད”གཞི་རྟེན།

    “གཉིས་གཏོད”གཞི་རྟེན་ཞེས་པ་ནི། གསར་སྐྲུན་ལས་གཏོད་བྱེད་མཁན་མི་སྣ་དང་། ཚོགས་པ། ཁེ་ལས་བཅས་ལ་མཁོ་འདོན་བྱས་པའི་མ་གནས་དམའ་བ་དང་། སྟབས་བདེ་བ། གཙོ་རྒྱུ་ཀུན་འཛོམས། སྒོ་དབྱེའི་རྣམ་པ་བཅས་ཀྱི་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པ་དང་། དེའི་ནང་ལས་དོན་སྤེལ་ཡུལ་དང་། དྲ་རྒྱའི་བར་མཐོངས། སྤེལ་རེས་བྱ་ཡུལ། ཐོན་ཁུངས་མཉམ་སྤྱོད་བྱེད་ཡུལ་སོགས་ཚུད་པའི་རིགས་ཁག་གི་སྤེལ་ཡུལ་ཚུད་ཡོད་ཅིང་། དེ་ནི་སྤྱི་ཚོགས་ཅན་དང་། ཆེད་ལས་ཅན། ཁྲོམ་ར་ཅན། དྲ་རྒྱ་ཅན་བཅས་ཀྱི་གསར་སྐྲུན་ལས་གཏོད་སྐྱོང་གསོའི་ཞབས་ཞུའི་ལས་ཁུངས་དང་། རྟེན་གཞི། སྡེ་གླིང་བཅས་ཀྱི་སྤྱི་མིང་ཡིན།

    “མཉམ་འབྲེལ་དྲ་རྒྱ་+སྲིད་དོན་ཞབས་ཞུ”དང“9070”དམིགས་ཚད།

    “མཉམ་འབྲེལ་དྲ་རྒྱ་+སྲིད་དོན་ཞབས་ཞུ”དང“9070”དམིགས་ཚད་ཞེས་པ་ནི། སྲིད་དོན་ཞབས་ཞུའི་ལས་དོན་སྒྲུབ་སྐབས་མཉམ་སྦྲེལ་དྲ་རྒྱའི་ལག་རྩལ་སྤྱད་དེ་སྡེ་ཚན་ཁག་དབར་གཞི་གྲངས་མཉམ་སྤྱོད་ཐུབ་པ་བྱས་ནས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་རྒྱུའི་འགྲོ་གྲོན་དང་། མི་ཤུགས། དུས་ཚོད་ཀྱི་མ་གནས་བཅས་ཉུང་དུ་བཏང་སྟེ་ཡུལ་མི་དང་ཁེ་ལས་རྣམས་ཕར་རྒྱུག་ཚུར་རྒྱུག་ཉུང་བ། དོན་དག་བསྒྲུབ་བདེ་བ། འགོག་རྐྱེན་མེད་པ་བཅས་བཟོ་ཐུབ་པ་བྱེད་རྒྱུ་དེ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2019ལོར“མཉམ་འབྲེལ་དྲ་རྒྱ་+སྲིད་དོན་ཞབས་ཞུར”སྐུལ་སྤེལ་གཏོང་རྒྱུའི་ཐད་བཏོན་པའི་དམིགས་ཚད་ནི། ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་དོན་གནད་དྲ་ཐོག་ནས་གཉེར་སྒྲུབ་བྱེད་ཚད་90%ལས་མི་དམའ་བ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་དྲ་ཐོག་ནས་གཉེར་སྒྲུབ་བྱེད་ཚད་70%ལས་མི་དམའ་བ་བྱེད་དགོས་པ་དེ་ཡིན།

    གྲོང་གསེབ་ཀྱི་གློག་དྲ“ཐད་འདོམས”བསྒྱུར་བཅོས།

    གྲོང་གསེབ་ཀྱི་གློག་དྲ“ཐད་འདོམས”བསྒྱུར་བཅོས་ཞེས་པ་ནི། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་བླང་བྱ་ལྟར“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཀྱིས་ལག་བསྟར། རིན་མེད་སྤོ་སྒྱུར། སྲིད་ཇུས་ཀྱིས་རྒྱབ་སྐྱོར། ཚོད་ལྟ་སྔོན་སྤེལ། གཟབ་ནན་སྐུལ་འདེད་གཏོང་བ”བཅས་བྱེད་པའི་བསམ་གཞི་གཞིར་བཟུང་གྲོང་གསེབ་གློག་དྲ་དོ་དམ་ལམ་སྲོལ་བསྒྱུར་བཅོས་བྱེད་པ་བརྒྱུད་དེ་སྔའི་ས་གནས་ཀྱི་སྲིད་གཞུང་ཚན་པས་དོ་དམ་བྱེད་པའི་རྫོང་གྲོང་གསེབ་གློག་དྲ་ཀུང་སི་ཁག་66གི་མི་སྣ་དང་། རྒྱུ་ནོར། དེ་བཞིན་གློག་ཤུགས་ལས་སྒོ་བཅས་གཅིག་གྱུར་ཐོག་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཐད་ཀར་དོ་དམ་བྱེད་པར་སྤོ་སྒྱུར་བྱེད་རྒྱུ་དེ་ཡིན།

    སྐྱིད་རོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ།

    སྐྱིད་རོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་ཞེས་པ་དེ་ནི། ཀྲུང་གོའི་མཐའ་རྒྱུད་སྒོ་དབྱེ་གོང་འཕེལ་གཏོང་བའི་མཐའ་མཚམས་ཉོ་ཚོང་དང་ལས་སྣོན་ཕྱིར་གཏོང་བྱེད་པའི་ཁུལ་ཁོངས་ལ་ཟེར། 1992ལོ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་17ཡོད་ཅིང་། འཆར་འགོད་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་སྐྱིད་རོང་མཐའ་མཚམས་མཉམ་ལས་ཁུལ་དེ་གཞིས་རྩེ་སྐྱིད་རོང་རྫོང་ཁོངས་སུ་གནས་པ་དང་། དེའི་འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་10ཙམ་ཡོད། སྐྱིད་རོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་པའི་འོག་བོད་ཀྱིས་ལྷོ་ཨེ་ཤ་ཡར་ཁ་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ཡིན་ཞིང་། དེས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཡོང་བ་དང་། རང་རྒྱལ་ཕྱོགས་མཐའ་ཀུན་ནས་སྒོ་མོ་འབྱེད་པའི་རྣམ་པ་ཞིག་བསྐྲུན་པ། མཐའ་སྐོར་ས་ཁུལ་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། མཐའ་མཚམས་བརྟན་ལྷིང་དང་། བདེ་འཇགས། དར་རྒྱས་བཅས་ཡོང་བའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    རིག་དཔལ་དར་བའི་བོད་ལྗོངས།

    འདི་ནི་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གོང་འཕེལ་འཆར་འགོད་ནང“རིག་དཔལ་དར་བའི་ཀྲུང་གོའི”བྱེད་སྒོ་རབ་དང་རིམ་པ་ནན་ཏན་ངང་གཏོད་རྒྱུ་ཡིན་ཞེས་བཀོད་ཡོད། 2019ལོའི་ཟླ་3ཚེས་10ཉིན། 《དཔེ་སྐྲུན་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི》ཀྲུང་དོན་དང་རྒྱལ་དོན་གྱི་བསམ་འཆར་ནང་། ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར། དྲ་རྒྱ་བཅས་སུ་དེ་བས་མང་བའི་དཔེ་དེབ་དང་དུས་དེབ་ལེགས་གྲས་འགྲེམས་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“རིག་དཔལ་དར་བའི་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། བརྗོད་དོན་གཙོ་བོའི་མཚན་ཚོགས་དང་། དཔེ་ཁང་འཛུགས་སྐྲུན། དཔེ་ཀློག་རྩོམ་བསྡུ། ཤེས་བྱའི་འགྲན་བསྡུར། དཔེ་ཀློག་གི་གྲོས་འགོ་འདོན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དམངས་ཡོངས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ལེགས་གྲས་ལྟ་བ། དཔེ་དེབ་ལྟ་མཁས་པ་བཅས་ཀྱི་ཤེས་དཔལ་སྲོལ་བཟང་ཧུར་ཐག་བཏོད་ཡོད།

    “ནན་ཤོས་བཞིའི”བླང་བྱ།

    འདི་ནི་ཚད་གཞི་ནན་ཤོས་དང་། ལྟ་འདོམས་ནན་ཤོས། ཆད་གཅོད་ནན་ཤོས། འགན་འདེད་ནན་ཤོས་བཅས་ལ་བརྟེན་ནས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་འདོམས་བྱེད་པར་ཤུགས་སྣོན་རྒྱག་དགོས་པར་ཟེར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་2019ལོའི་ཟླ་9པ་ནས་2020ལོའི་ཟླ་12བར། རྒྱལ་ཡོངས་སུ“ནན་ཤོས་བཞི”ཡི་བླང་བྱའི་ཆེད་དམིགས་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད།

    ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་བའི་གནས་སྤོ།

    འདི་ནི་ས་བབ་མཐོ་ཚད་སྨི་4700ཡན་གྱི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་ནི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་གཉོད་ཆུང་བ་དང་། འཚོ་གནས་ཀྱི་ཆ་རྐྱེན་ཧ་ཅང་སྐྱོ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་མ་གནས་ཧ་ཅང་མཐོ་བ་བཅས་ཡིན་པས་ཀྲུང་དབྱང་གི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཀྱིས“ཚོད་ལྟ་སྔོན་འགྲོ་དང་སྔོན་ལ་ལས་སླ་བ་དང་རྗེས་ལ་དཀའ་བ་བྱེད་པའི”རྩ་དོན་གཞིར་བཟུང་། ཤང་དང་གྲོང་ཚོ་ཧྲིལ་པོ་གནས་སྤོས་ནས་རྨང་གཞིའི་སྤྱི་པའི་སྒྲིག་བཀོད་ཅུང་ཆ་ཚང་ལ་ཐོན་སྐྱེད་དང་འཚོ་བ་དང་སྐྱེ་ཁམས་ཀྱི་ཆ་རྐྱེན་ཅུང་ལེགས་པའི་ས་ཁོངས་སུ་བཀོད་སྒྲིག་བྱས་ཡོད། དེ་ཐོག་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཚང་མ་རྩ་བ་ནས་ལེགས་སུ་འགྲོ་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲ་བརྟན་བཟོས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་།

    འདི་ནི་རྒྱལ་ཡོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་མཁན་དང་དེ་མཚུངས་ཀྱི་འཛུགས་སྐྱོང་ཚད་གཞི་ལོན་པའི་གྲོང་ཁྱེར་དང་རྫོང་ལ། སྐྱེ་ཁམས་ཁོར་ཡུག་པུའུ་ནས་འགྲོ་ལུགས་ལྟར་དེ་མཚུངས་ཀྱི་མཚན་སྙན་སྤྲད་པ་ཞིག་རེད། དེ་ཡང་སྐྱེ་ཁམས་བར་སྟོང་དང་། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག སྐྱེ་ཁམས་འཚོ་བ། སྐྱེ་ཁམས་ལམ་ལུགས། སྐྱེ་ཁམས་རིག་གནས་བཅས་ཕྱོགས་དྲུག་ཐད་ནས་དཔྱད་འདེམས་བྱས་ཏེ། དཔེ་སྟོན་གྲོང་ཁྱེར་ལ་དམིགས་ཚད་ཁག་35བཟོས་པ་དང་དཔེ་སྟོན་རྫོང་ལ་དམིགས་ཚད་ཁག་38བཟོས་ཡོད།

    མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི“གཙང་བཅོས་གསུམ་དང་ལེགས་གཏོང་གསུམ”གྱི་བྱ་སྤྱོད།

    འདི་ནི“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མཆན་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་2019ལོའི་ཟླ་7པར་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ཏེ། ལོ་མང་གསོག་ཐེབས་ཀྱི་གད་སྙིགས་གཙང་བཅོས་དང་། འགྱིག་སྙིགས་ཀྱི་སྦགས་བཙོག་གཙང་བཅོས། མིའི་འཚོ་སྡོད་ཁོར་ཡུག་གཙང་བཅོས་བཅས་གསུམ་དང་། གད་སྙིགས་རིགས་དབྱེའི་ལས་དོན་ལེགས་སུ་གཏོང་བ། ཁོར་ཡུག་གཙང་སྦྲར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་བཅས་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དེ་ཡིན།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386872981