བོད་ལྗོངས།
རྒྱ་བོད་གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་སྐབས་དོ་སྣང་ བྱེད་དགོས་པའི་སྐོར་མདོ་ཙམ་གླེང་བ།

    དུས་རབས་གོང་ནས་གོང་དུ་འཕེལ་བ་དང་བསྟུན་ནས། གོ་ལ་ཧྲིལ་པོའི་བར་ཐག་ཆུང་དུ་འགྲོ་བ་དང་ཆབས་ཅིག་རྒྱལ་ཁབ་ཁག་དབར་དང་མི་རིགས་ཁག་དབར་རིག་གནས་དང་དཔལ་འབྱོར་སོགས་ཀྱི་འབྲེལ་འདྲིས་ཤུགས་ཆེ་རུ་ཕྱིན་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་འགྲོ་བ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་ཤིག་ལགས། འོ་ན་རྒྱལ་ཁབ་དང་མི་རིགས་གཞན་དག་གི་སྔོན་ཐོན་ཤེས་རིག་དག་རང་མི་རིགས་ལ་དར་སྤེལ་ཇི་ལྟར་གཏོང་དགོས་སམ་ཞེ་ན། དེ་ནི་མི་རིགས་དེའི་ལོ་ཙཱ་བ་རྣམས་ཀྱི་ཕྲག་ཏུ་བབས་པའི་བྱ་བ་ཞིག་ཡིན་ཏེ། སྐད་གཉིས་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཚོས་མི་རིགས་གཞན་གྱི་སྔོན་ཐོན་ཤེས་རིག་དག་གནད་ལ་འཁེལ་བའི་སྒོ་ནས་རང་མི་རིགས་ཀྱི་སྐད་ལ་ཕབ་སྒྱུར་བྱེད་དགོས། དེ་ལྟར་བྱུང་ཚེ། གཞི་ནས་སྔོན་ཐོན་ཤེས་རིག་དེ་དག་ངོ་སྤྲོད་བྱེད་པའི་འགོ་ཐོག་མ་དེ་འཛུགས་ཐུབ་པ་དང་རྒྱ་ཁྱབ་དར་སྤེལ་གཏོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པས། རང་མི་རིགས་འདི་ཉིད་འཛམ་གླིང་གི་མི་རིགས་གཞན་དང་འདྲ་བར་ཤེས་རིག་དང་། དཔལ་འབྱོར། ཆ་འཕྲིན་སོགས་དར་རྒྱས་ཕུན་སུམ་ཚོགས་པའི་མི་རིཌ་ཀྱི་གྲས་སུ་ཚུད་པར་ཆ་རྐྱེན་གང་བཟང་འཛོམས་ངེས་རེད།

    དེས་ན། དེང་གི་སྐབས་སུ་ཡིག་སྒྱུར་བྱ་གཞག་ནི་དོན་སྙིང་དང་གལ་འགངས་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན་པས། ལོ་ཙཱ་བ་རྣམས་ཀྱིས་དུས་རྒྱུན་དུ་ཡིག་སྒྱུར་གྱི་ལག་ལེན་དངོས་ནང་འགན་འཁུར་གྱི་བསམ་པ་བཅངས་ནས་ཡིག་སྒྱུར་ཚད་ལྡན་ཞིག་ཡོང་བར་བསམ་གཞིག་དང་འབད་པ་བྱ་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ། དེ་ཡང་སྔ་རབས་རང་ཅག་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོས་ལམ་བགྲོད་པར་དཀའ་བའི་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་མཐའ་ཡས་པ་ནང་བྱན་ཆུད་པར་སྦྱངས་ཏེ་བཙན་པོའི་བཀའ་བཞིན་རང་གི་སྐད་དང་ཡི་གེར་ཕབ་སྒྱུར་གནང་བར་བརྟེན། དེང་གི་ཆར་རང་རེ་ཕྱི་རབས་པ་ཚོས་གཞུང་ལུགས་དེ་དག་རང་མི་རིགས་ཀྱི་སྐད་ཡིག་ནས་སློབ་གཉེར་བྱེད་པའི་སྐལ་བ་བྱུང་། ལོ་ཙཱ་བ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བྱ་འོས་པ་ཞིག་རེད། ལྷག་པར་དུ་མི་ལོ་ཆིག་སྟོང་སུམ་བརྒྱའི་གོང་རོལ་ནས་མཁས་གྲུབ་ལོ་པཎ་རྣམས་ཀྱིས་མི་རིགས་གཞན་དག་ལ་ངོ་གནོང་མི་དགོས་པའི་བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ཤིག་ཀྱང་གཏན་ལ་ཕབ་ཟིན་པ་ནི་ངོ་མཚར་ཆེ་ལ་དེ་བས་སྤོབས་པ་སྐྱེ་འོས་པ་ཞིག་ལགས། དེས་ན། རང་ཅག་ཁ་བའི་ལྗོངས་ཀྱི་རྗེས་རབས་ལོ་ཙཱ་བ་ཚོས་མེས་པོ་དམ་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་ཐུབ་པའི་རྨང་གཞིའི་ཐོག་བོད་ཀྱི་ཡིག་སྒྱུར་བྱ་གཞག་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་འགན་འཁྲི་འཁུར་དགོས།

    གསར་འགྱུར་རྩོམ་ཡིག་ཁྲོད་ཀྱི་མིང་ཚིག་དང་ཐ་སྙད་ལ་འགྱུར་ལྡོག་འགྲོ་མགྱོགས་ཤིང་། དུས་མཚམས་སོ་སོར་ཤེས་བྱ་གསར་པའི་སྐོར་གྱི་ཐ་སྙད་གསར་པ་མང་པོ་ཐོན་ཡོང་བས་གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་བར་མཚོན་ན། སྔོན་ལ་ཤེས་བྱ་གསར་པ་དེ་དག་ལ་རྒྱུས་མངའ་ལོན་པ་དང་ཐ་སྙད་དེ་དག་ཕབ་སྒྱུར་ཇི་ལྟར་བྱེད་མིན་ལ་ཞིབ་འཇུག་གིས་མ་ཡིག་གི་གོ་དོན་ལ་འཁྲུལ་བ་མེད་པ་གང་ཞིག་རང་མི་རིགས་ཀྱི་སྐད་ཡིག་གི་བརྡ་སྤྲོད་གཞུང་ལུགས་དང་མཐུན་པར་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་དང་མང་ཚོགས་ལ་ཤེས་བྱ་གསར་པ་ངོ་སྤྲོད་ཡང་དག་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་དགོས།

    འདིར་སྐབས་སུ་བབ་པའི་དོན་ནི། རྒྱ་བོད་ཡིག་སྒྱུར་ལས་གསར་འགྱུར་རྩོམ་ཡིག་གི་ཡིག་སྒྱུར་སྐོར་གླེང་བར་དོན་ཚན་གཉིས་སུ་ཕྱེ་ནས་བརྗོད་པར་འདོད་དེ། དེ་ཡང་ནམ་རྒྱུན་ཡིག་སྒྱུར་གཞུང་ལུགས་ཁག་ཏུ་ཡིག་སྒྱུར་གྱི་བརྒྱུད་རིམ་ཁག་གཉིས་སུ་དབྱེ་བ་ལྟར་མ་ཡིག་ལ་གོ་བ་ལེན་པ(理解)དང་བུ་ཡིག་ཏུ་ཕབ་པ(表达)གཉིས་ཡིན།

    དང་པོ། མ་ཡིག་ལ་གོ་བ་ལེན་པ།

    ཡིག་སྒྱུར་གྱི་བྱ་བ་རྩོམ་པར་ཐོག་མར་གང་ཞིག་སྒྱུར་བར་བྱ་བའི་མ་ཡིག་ལ་གོ་བ་ཡག་པོའམ་ཡང་ན་མཐར་ཕྱིན་པ་ཞིག་ལེན་དགོས་པ་ནི་སྔོན་འགྲོ་ཡིན། གལ་སྲིད་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་དང་ཡང་དག་པ་ཞིག་ལེན་མ་ཐུབ་པའམ་མ་ཡིག་ལ་གོ་བ་ལེན་པའི་ཆུ་ཚད་ཞན་ཙམ་ལས་མེད་པར་ལོ་ཙཱ་བ་བྱེད་འདོད་པ་ནི་རེ་འབྲས་དོན་དུ་མ་སྨིན་པའི་གཉིད་ལམ་དང་མཚུངས། ལྷག་པར་དུ་དེང་དུས་གསར་འགྱུར་རྩོམ་ཡིག་ནང་མིང་ཚིག་གསར་པ་དང་ཐ་སྙད་གསར་པ་གང་མང་གཅིག་མཇུག་གཉིས་མཐུད་ངང་ཐོན་ཡོང་བས་གསར་འགྱུར་རྩོམ་ཡིག་གི་ལོ་ཙཱ་བ་ཞིག་ལ་མཚོན་ན། ཐོག་མར་དུས་རབས་ཀྱི་ཤེས་བྱ་གསར་པ་དེ་དག་ལ་སྦྱངས་བརྩོན་གང་ལེགས་བྱས་ཐོག་དུས་རབས་གསར་པའི་ནང་འཕྲད་པའི་ཡིག་སྒྱུར་གྱི་གནད་དོན་རབ་དང་རིམ་པར་ཞིབ་འཇུག་འཚོལ་ཞིབ་ནན་ཏན་གྱིས་དེའི་ཐད་ཀྱི་ཤེས་བྱ་རང་རྒྱུད་ལ་འཇགས་པར་བྱ་རྒྱུ་ནི་མ་མཐའི་ཆ་རྐྱེན་ཞིག་ཡིན་པ་དང་། ཆ་རྐྱེན་དེ་རང་རྒྱུད་ལ་ལྡན་ཚེ། སྐབས་སུ་བརྗོད་པའི་མ་ཡིག་ལ་གོ་བ་ལེན་པའི་བརྒྱུད་རིམ་དེ་ལ་ཡང་གོམ་སྟབས་གསུམ་སྤོ་དགོས་པ་སྟེ། དང་་མ་ག་རགས་ཙམ་ཀློག་དགོས་ཤིང་། གོམ་སྟབས་དེ་བརྒྱུད་དགོས་པའི་དམིགས་ཡུལ་ནི་མ་ཡིག་ཁྱོན་ཡོངས་ལ་རྒྱུས་མངའ་རགས་ཙམ་ཡོང་བར་བྱས་ཏེ་མ་ཡིག་གི་རྩ་བའི་བརྗོད་དོན་ཁོང་དུ་ཆུད་པར་བྱེད་པ་དང་། གཉིས་པ་ནི་མ་ཡིག་ཞིབ་ཚགས་བཀླགས་ཏེ་མིང་ཚིག་དང་། བརྗོད་པ། དུས་མཚམས་བཅས་རིམ་པས་གོ་བ་བླངས་ཏེ་ཚིག་ངོས་ཀྱི་གོ་བརྡ་དང་རྩོམ་ཡིག་གི་བརྗོད་བྱའི་ནང་དོན་ལ་གོ་བ་ཚགས་ཚུད་ལེན་དགོས་པ། གསུམ་པ་ནི་དོགས་གཞི་ཡོད་པའི་གནད་དོན་ཐག་གཅོད་བྱེད་དགོས་ཤིང་། གནད་དོན་དེ་རིགས་ཐུག་སྐབས་གཅིག་སྡུད་ཐོག་དཔྱད་ཡིག་འཚོལ་བསྡུ་བྱེད་པའམ་ཡང་ན་དེའི་ཐད་ཀྱི་ཆེད་ལས་མཁས་དབང་ལ་གཏུགས་ནས་བཀའ་འདྲི་ཞུ་དགོས། ཡིག་སྒྱུར་གྱི་ལག་ལེན་དངོས་ནང་ཐོག་མཐའ་བར་གསུམ་དུ་གོང་གི་གོམ་སྟབས་གསུམ་པོ་དེ་ལག་ལེན་དཔྱིས་ཕྱིན་པ་བསྟར་ཚེ། མ་ཡིག་ལ་གོ་བ་ལེན་པའི་བརྒྱུད་རིམ་ནང་གི་དཀའ་གནད་མང་པོ་སྤྱིར་ན་སེལ་ཐུབ་ངེས་ཡིན།

    གཉིས་པ། བུ་ཡིག་ཏུ་ཕབ་པའི་བརྒྱུད་རིམ།

    མ་ཡིག་ལ་གོ་བ་ཡག་པོ་ལེན་པའི་མཐར་གཏུག་གི་དམིགས་ཡུལ་ནི་བུ་ཡིག་ལ་ཕབ་རྒྱུ་དེ་རེད། དེར་བརྟེན་དང་ཐོག་བུ་ཡིག་གི་རིག་གནས་ཀྱི་ཆུ་ཚད་ཨམ་ཐང་ཞིག་མེད་པར་རང་གིས་བསྒྱུར་བའི་བུ་ཡིག་ལ་མ་ཡིག་གི་ནང་དོན་ཇི་བཞིན་དུ་མཚོན་མ་ཐུབ་པའམ་འམ་ཐ་ན་འགྱུར་སྐྱོན་ཤོར་ཚེ་དེ་ནི་རྐང་རྗེས་ལག་སུབ་རང་དུ་མཐོང་བས་ཚིག་གི་སྙན་ཆ་གླེང་རྒྱུ་ཕར་བཞག་གཞན་གྱིས་འཕྱ་སྨོད་བྱེད་ཡུལ་དུ་འགྱུར་སྲིད་པས། ལོ་ཙཱ་བས་མ་ཡིག་ལ་གོ་བ་ཡང་དག་ལེན་པའི་རྨང་གཞིའི་ཐོག་བུ་ཡིག་ཏུ་མ་ནོར་མ་འཕྱུགས་པ་ཞིག་སྒྱུར་ཐུབ་པའི་བརྩོན་ལེན་བྱེད་དགོས་ལ། རབ་བྱུང་ན་བུ་ཡིག་ཐོག་ཏུ་སྙན་ཆ་ཐོན་གང་ཐུབ་བྱེད་དགོས་ཏེ། ཀློག་མཁན་གྱི་ངག་ལ་འཇུག་བདེ་བ་དང་ཉན་མཁན་གྱི་རྣ་བར་འཇེབས་པའི་ཁྱད་ཆོས་ཐོན་པར་བྱས་ནས་རྩོམ་ཡིག་དེ་སྒྱུར་ཡིག་མིན་པའི་སྣང་བ་སྟེར་ནུས་ན་སྒྱུར་ཡིག་དེ་ནི་སྤུས་དག་ཅིག་ཏུ་བརྩིས་ཆོག་པར་སྙམ། ཞོར་དུ་དེང་སྐབས་གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་མ་ཡིག་ལ་གོ་བ་ཡང་དག་མ་ལོན་པའམ་བུ་ཡིག་ལ་བདེ་པོ་ཕབ་མ་ཐུབ་པ་འགའ་ཞིག་དཔེར་བརྗོད་ཚུལ་དུ་བརྗོད་ན།

    1.有效地增加了城镇居民群众现金收入 ཕན་ནུས་ལྡན་པའི་ངང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་འཕར་སྣོན་བྱུང་ཡོད་ཅེས་པ་ནི། གྲོང་མི་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་འཕར་བར་ཕན་ནུས་ཐོན་ཡོད་ཅེས་བསྒྱུར་ན་བརྗོད་པ་བདེ་བར་མཐོང་། 2.我区旅游产业近年来吸引了越来越多的资金投入 རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ཀྱིས་ཉེ་བའི་ལོ་ཤས་རིང་མ་འཇོག་གི་ཡིད་དབང་འཕྲོག་ཤུགས་ཆེ་རུ་ཇེ་ཆེར་ཕྱིན་ནས་ཞེས་པ་དེ། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ལ་མ་རྩ་འཇོག་མཁན་ཇེ་མང་དུ་ཕྱིན་ནས་ཞེས་བསྒྱུར་ན་འཐད་པར་སྣང་། 3.重视做好妇女干部培育和女党员发展工作 བུད་མེད་ལས་བྱེད་པ་གསོ་སྐྱོང་དང་བུད་མེད་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལ་མཐོང་ཆེན་གྱིས་ཡག་པོ་བསྒྲུབས་ཞེས་པ་དེ། བུད་མེད་ལས་བྱེད་པ་གསོ་སྐྱོང་དང་བུད་མེད་ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐོང་ཆེན་བྱེད་ཅེས་ཚིག་དུམ་དེའི་ནང་གི“ལས་དོན་བསྒྲུབ་རྒྱུ”དེར་མཐོང་ཆེན་བྱེད་པ་ཞིག་ལ་གོ་རྒྱུ་ཡོད་པ་སྟོན་དགོས་པ་སྙམ། 4.以无比激动的心情收看奥运会开幕式盛况 སེམས་འགུལ་ཚད་མེད་ཐེབས་པའི་བསམ་ཚུལ་འཆང་བཞིན་པར་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་གཟབ་རྒྱས་ཀྱི་གནས་ཚུལ་ལ་བལྟས་པ་ཞེས་པ་དེ། སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་གཟབ་རྒྱས་ལ་བལྟས་ལྟ་བུ། 5.加强人们的环保意识མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་དགོས་ཞེས་པ་དེ། མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་པ་ལས་འདུ་ཤེས་ཆེ་རུ་གཏོང་ཟེར་སྲོལ་མེད་པས་སོ།

    དེ་ལྟར་གོང་དུ་དྲངས་པའི་དཔེར་བརྗོད་དེ་དག་ནི་ནམ་རྒྱུན་གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་གི་རྒྱུན་མཐོང་འགྱུར་སྐྱོན་འགར་དཔེ་འགའ་ཞིག་ལ་རང་ཉིད་ཀྱི་ལྟ་བ་བརྗོད་པ་ཙམ་ཡིན།

    མདོར་ན། ཡིག་སྒྱུར་ལས་ཀའི་ནང་བརྒྱུད་རིམ་དེ་གཉིས་ལ་དམ་འཛིན་མ་འཕྱུགས་པ་བྱེད་ཐུབ་ན། ང་ཚོ་ལོ་ཙཱ་བ་ཚོའི་སྨྱུག་རྩེ་ལས་སྒྱུར་རྩོམ་སྤུས་དག་ཐོན་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་རིག་གནས་སོགས་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ཕན་ནུས་ཐོན་ཐུབ་ངེས་རེད་ལ། དེང་སྐབས་འཛམ་གླིང་ཡུལ་གྲུ་ཀུན་གྱི་ཁྱབ་ཁོངས་ཁག་གི་ཤེས་རིག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་དུས་སྐབས་སུ། རང་རེ་བོད་ཀྱི་ལོ་ཙཱ་བ་ཚོས་རྒྱལ་ཁབ་བམ་མི་རིགས་གཞན་གྱི་ཚན་རིག་ལག་རྩལ་སོགས་སྔོན་ཐོན་ཤེས་བྱ་རྣམས་བོད་ཡིག་ཏུ་ཕབ་སྒྱུར་གྱིས་འཛམ་གླིང་གི་སྔོན་ཐོན་ཡུལ་གྲུའི་ཚན་རྩལ་རིག་པའི་གཞུང་ལུགས་ཁག་འཁྲུལ་བ་མེད་པར་ངོ་སྤྲོད་བྱས་ཚེ། བོད་ཀྱི་ཤེས་རིག་བང་མཛོད་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ངེས་ཡིན།

    (བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི་པ་ཚེས)

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388977711