བོད་ལྗོངས།
《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》གསལ་འགྲེལ། (༢)

    (ལེ་ཚན་གོང་མར་མཐུད)

    གསལ་འགྲེལ་གཉིས་པ།

    2019ལོའི་ཟླ་12ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་དུའི་ཐོག ཁྲིམས་འཛིན་པུའུ་དང་མི་སྤྱི་པུས་འཆར་ཟིན་བཀོད་པའི《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་རེད། 《སྲོལ་ཡིག》ནང་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་པ་དང་བཅའ་ཁྲིམས་ལ་བརྟེན་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་བྱས་པ་རེད།

    1 ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་དུ་གཏོང་བ་དང་མཉམ་བཅོས་མ་ལག་བཙུགས་པ།

    《སྲོལ་ཡིག》ནང་མི་སྤྱོད་ཚན་པའི་བྱེད་པོའི་འགན་འཁྲི་དང་། ས་གནས་སྲིད་གཞུང་གི་གཏོགས་ཁོངས་འགན་འཁྲི། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་སོགས་ཁ་གསལ་བཟོས་པ་རེད། མི་སྤྱོད་ཚན་པས་གླ་ཆ་དངུལ་ཁང་ནས་བསྒྱུར་བའམ་ཡང་ན་དངུལ་སྨར་སྤྲོད་དགོས་པ་ལས། དངོས་པོའམ་ཡང་ན་རིན་ལྡན་འཛིན་ལོར་སོགས་ཀྱིས་ཚབ་བྱེད་མི་ཆོག་པ་དང་། ཞིང་པ་ལས་མི་དང་ཁ་ཆད་བྱས་པའི་གླ་ཆ་གཏོང་སྤྲོད་ཀྱི་དུས་འཁོར་དང་གླ་ཆ་སྤྲོད་པའི་ཞིབ་ཕྲའི་དུས་ཚོད་གཞིར་བཟུང་། གླ་ཆ་གྲངས་ཚང་ངང་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།

    ས་གནས་སྲིད་གཞུང་གི་གཏོགས་ཁོངས་ལྟ་འདོམས་འགན་འཁྲི་ཁ་གསལ་བཟོ་བ་དང་རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་ནང་གི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ལས་ཀར་འགན་འཁུར་དགོས་པ་དང་། མི་སྤྱི་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ལས་དོན་ཁྲོད་སྒྲིག་འཛུགས་མཐུན་སྦྱོར་དང་། དོ་དམ་མཛུབ་ཁྲིད། ལྟ་སྐུལ་ཞིབ་བཤེར། འབྲེལ་ཡོད་གྱོད་གཞི་ཞིབ་བཤེར་ཐག་གཅོད་བཅས་བྱེད་པའི་འགན་འཁུར་དགོས་པའི་གཏན་འབེབས་བྱས་ཡོད། སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་སྡེ་ཚན་གྱིས་འགན་འཁྲི་གཞིར་བཟུང་ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་འཁུར་དགོས་པ་དང་། ཁྲིམས་ལས་འགལ་ནས་འགན་གཙང་སྤྲོད་པ་དང་། འགན་གཙང་གཞན་སྤྲོད། ཁག་བགོས་འགན་གཙང་། ལས་གྲྭའི་དངུལ་འགྱངས་ཆད་སོགས་ཀྱིས་རྐྱེན་པས་ཐོན་པའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་ལྟ་སྐུལ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། སྒྱུར་འཕེལ་དང་། ནོར་སྲིད། སྤྱི་བདེ། ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁྲི་ཁ་གསལ་བཟོས་ཡོད་པ་རེད།

    2 གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཨར་སྐྲུན་ཁྱབ་ཁོངས་ཀྱི་གླ་ཆ་དུས་ཐོག་ཏུ་སྤྲོད་རྒྱུར་འགན་ལེན་བྱས་པ།

    འཛུགས་སྐྲུན་མ་དངུལ་དམིགས་སར་མ་འབྱོར་བ་དང་ཨར་སྐྲུན་ཁྲོམ་རའི་སྒྲིག་ལམ་དང་ཨར་སྐྲུན་ཁེ་ལས་ཀྱི་མི་སྤྱོད་དོ་དམ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། འཛུགས་སྐྲུན་ཚན་པས་ཨར་རྒྱག་སྐབས་དགོས་ངེས་ཀྱི་མ་དངུལ་བཀོད་སྒྲིག་མ་བྱས་ཚེ་ཨར་པོ་རྒྱག་མི་ཆོག་པའམ་ཡང་ན་ཨར་སྐྲུན་གྱི་ཆོག་འཐུས་ལག་ཁྱེར་སྤྲོད་མི་ཆོག འཛུགས་སྐྲུན་ཚན་པས་ཨར་སྐྲུན་ཚན་པར་ཨར་པོའི་མ་དངུལ་དང་ཁག་ཐེག་དངུལ་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད།

    ཞིང་པ་ལས་མིའི་གླ་ཆར་ཆེད་སྤྱོད་རྩིས་ཁྲའི་དོ་དམ་བྱེད་དགོས་པ་དང་། འཛུགས་སྐྲུན་ཚན་པས་ལས་མིའི་གླ་ཆ་དང་ལས་གྲྭའི་མ་དངུལ་ལོགས་སུ་དབྱེ་ནས་དོ་དམ་བྱས་ཏེ་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲའི་ནང་གླ་ཆ་དུས་ཐོག་ཏུ་རྒྱག་དགོས་པ་དང་། གླ་ཆ་གཏོང་སྤྲོད་ཀྱི་དུས་ཡུན་ཟླ་བ་གཅིག་ཡན་ལས་བརྒལ་མི་ཆོག་པའི་གཏན་འབེབས་བྱས་ཡོད། ཁག་བགོས་འགན་གཙང་ཚན་པས་ཨར་སྐྲུན་སྤྱིའི་འགན་གཙང་ཚན་པར་གླ་ཆ་ཚབ་སྤྲོད་བྱེད་པའི་མངགས་བཅོལ་བྱེད་ཆོག་པ་དང་ཨར་སྐྲུན་སྤྱིའི་འགན་གཙང་ཚན་པས་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲའི་ནང་ཐད་ཀར་གླ་ཆ་རྒྱག་ཆོག་པའི་གཏན་འབེབས་བྱས་ཡོད།

    ཨར་སྐྲུན་སྤྱིའི་འགན་གཙང་ཚན་པའམ་ཡང་ན་ཁག་བགོས་འགན་གཙང་ཚན་པས་ལས་གྲྭའི་ནང་བསྡུས་པའི་ཞིང་པ་ལས་མི་དང་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་དགོས་པ་དང་དུས་མཚུངས་མིང་ངོ་མ་ཐོ་འགོད་བྱེད་དགོས་པ་དང་། ཨར་སྐྲུན་སྤྱིའི་འགན་གཙང་ཚན་པས་ཁག་བགོས་འགན་གཙང་ཚན་པའི་མི་སྤྱོད་ལས་དོན་ལ་ལྟ་འདོམས་བྱས་ནས་ཨར་སྐྲུན་བྱ་ཡུལ་གྱི་མི་སྤྱོད་དང་། འབྱོར་ཐོ། གླ་ཆ་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་ཁག་བགོས་འགན་གཙང་ཚན་པས་ཞིང་པ་ལས་མིར་ཐད་ཀར་དོ་དམ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། གཞན་ཡང་ཨར་སྐྲུན་སྤྱིའི་འགན་གཙང་ཚན་པས་གཏན་འབེབས་གཞིར་བཟུང་གླ་ཆ་འགན་ལེན་མ་དངུལ་བཅོལ་བའམ་ཡང་ན་དངུལ་རྩའི་སྒྲིག་གཞིའི་འགན་ཡིག་གིས་གླ་ཆ་འགན་ལེན་མ་དངུལ་གྱི་ཚབ་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།

    3 ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་གླ་ཆ་འགྱངས་ཆད་བྱེད་མི་ནུས་པ་དང་བྱེད་མི་རུང་བའི་ལམ་ལུགས་ཀྱི་རླུང་ཙེ་དམ་དུ་བཏང་བ།

    ལས་འགོ་མ་ཚུགས་གོང་གི་སྔོན་འགོག་ཐད། ས་གནས་སྲིད་གཞུང་ལ་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ལྟ་སྐུལ་ཚོད་འཛིན་གྱི་སྔོན་བརྡའི་ལས་སྟེགས་བཙུགས་ཏེ་སྡེ་ཚན་ཕན་ཚུན་དབར་ལས་གྲྭའི་རྣམ་གྲངས་ཀྱི་ཞིབ་མཆན་དང་། མ་དངུལ་དོན་འཁྱོལ། ཨར་སྐྲུན་གྱི་ཆོག་འཐུས། མི་སྤྱོད། གླ་ཆ་གཏོང་སྤྲོད་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལས་འགོ་ཚུགས་རྗེས་ཀྱི་ལྟ་འདོམས་ཐད། ངལ་རྩོལ་གན་རྒྱ་དང་གླ་ཆ་གཏོང་སྤྲོད་སོགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་དང་མི་སྤྱི་སྲིད་འཛིན་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གྱོད་གཞི་བརྟག་དཔྱད་དང་ཐག་གཅོད་བྱེད་སྐབས། ཆོག་མཆན་ཐོབ་པ་བརྒྱུད་ཁྲིམས་ལྟར་ཚན་པའི་དངུལ་རྩའི་རྩིས་ཁྲ་དང་། ཁང་པའི་བདག་དབང་། རླངས་འཁོར་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད།

    སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཐད། མ་དངུལ་དམིགས་སར་མ་འབྱོར་བའི་རྐྱེན་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པ་དང་། སྲིད་གཞུང་གི་མ་འཇོག་རྣམ་གྲངས་སྒྲིག་འགལ་ངང་འཛུགས་སྐྲུན་བྱས་ནས་གླ་ཆ་ཆད་པ། གནས་ཚུལ་གཞན་དག་ཐོན་པ་བཅས་ཀྱི་སྐབས་སུ། མི་སྤྱི་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱ་རྒྱུའི་རེ་བ་འདོན་ཆོག ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་ནས་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་ཉེས་པ་བསགས་ཚེ། སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་ནས་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་ཆོག གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ཡིན་ཕྱིན་སྤྱི་ཚོགས་ལ་ཡོངས་བསྒྲགས་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི“མིང་གཞུང་ནག་པོར”བཅུག་ནས་མཉམ་འབྲེལ་ཆད་གཅོད་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391454621