བོད་ལྗོངས།
བདེ་འཇགས་དང་ཕན་ནུས་ལྡན་པའི་སྦྱོང་བརྡར་ཇི་ལྟར་བྱེད་དགོས་སམ།

    གཅིག རང་ཉིད་ལ་འཚམ་པའི་སྦྱོང་བརྡར་བྱེད་ཐབས་འདེམས་དགོས།

    གཟུགས་པོར་སྦྱོང་བརྡར་བྱེད་པར་དང་ཐོག་རང་ཉིད་ལ་འཚམ་པའི་སྦྱོང་བརྡར་བྱེད་ཐབས་འདེམས་དགོས། དེར་ལྟར་བྱུང་ན་གཟུགས་པོར་ཕན་ཐོགས་ཡོད། སྟབས་བདེ་དང་ལུས་བདེ་སེམས་སྐྱིད་ཀྱི་བྱེད་སྒོ་འདེམས་གང་ཐུབ་བྱེད་པ་དང་རབ་བྱུང་ན་ལུས་རྩལ་དེ་དག་གིས་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འགྲོ་ཐུབ་པ་བྱེད་དགོས། དམིགས་ས་ལྡན་པའི་གདམ་ག་བྱེད་པ་ཆབས་ཅིག་དུས་ཐུང་དང་དུས་རིང་གི་སྦྱོང་བརྡར་དམིགས་ཚད་གཏན་འཁེལ་བྱས་ཏེ་གྲུབ་འབྲས་ཕྲན་བུ་ཐོབ་ནའང་དགའ་སྣང་ཆེན་པོ་བྱེད་དགོས།

    ལུས་རྩལ་གྱི་བྱེད་ཐབས་དེ་ཡང་རིགས་ཆེ་གྲས་གསུམ་ལ་ཕྱེ་ཆོག་པ་སྟེ། གཅིག་ནི་གསོ་རླུང་ལྡན་པའི་ལུས་རྩལ་ལམ་སྙུག་ཤེད་ལུས་རྩལ་དཔེར་ན། གོམ་པ་རྒྱག་པ་དང་རྐང་འཁོར་བཏང་བ་ལྟ་བུ་དེས་སྙིང་དང་གློ་བར་ཕན་ཐོགས་ཡོད། གཉིས་ནི་གསོ་རླུང་མེད་པའི་ལུས་རྩལ་ལམ་ཤེད་ཤུགས་ལུས་རྩལ་དཔེར་ན། ལྗིད་བཏེགས་དང་། མཆོང་རྒྱག གོམ་པ་མགྱོགས་པོ་རྒྱག་པ་ལྟ་བུ་བྱས་ན་ཤ་གནད་མཁྲེགས་སུ་འགྲོ་ཐུབ། གསུམ་ནི་བརྐྱང་བསྐུམ་ལུས་རྩལ་དཔེར་ན། རླུང་སྒོམ་ལུས་རྩལ་དང་རོལ་དབྱངས་ལུས་རྩལ་ལྟ་བུ་རྩེད་ན་གཟུགས་པོར་ཕན་པ་དང་མཉེན་ཆ་དོད་དུ་ཕྱིན་ནས་ཤ་གནད་དང་རུས་ཚིགས་ཀྱི་ནད་སྔོན་འགོག་བྱེད་ཐུབ།

    གཞན་ཡང་། མི་མང་ཉུང་ལ་གཞིགས་ནས། མཉམ་སྡེབ་སྦྱོང་བརྡར་དང་རེ་ཟུང་སྦྱོང་བརྡར་བྱེད་ཆོག གལ་ཏེ་མཉམ་སྡེབ་སྦྱོང་བརྡར་ལ་དགའ་པོ་ཡོད་ན། སྤོ་ལོ་རྒྱག་པའམ་ཡང་ན་མཉམ་དུ་རི་འཛེགས་པ་སོགས་ཀྱི་ལུས་རྩལ་གདམ་ག་བྱེད་ཆོག་ལ། ཆུ་རྐྱལ་དང་། རྐང་འཁོར་གཏོང་བ། འཆམ་འཆམ་དུ་འགྲོ་བ་སོགས་ཀྱང་གདམ་ག་བྱེད་ཆོག

    གཉིས། རང་ཉིད་ཀྱི་གཟུགས་པོ་དང་འཚམ་པའི་སྦྱོང་བརྡར་བྱེད་དགོས།

    བདེ་འཇགས་དང་ཕན་ནུས་ལྡན་པའི་སྦྱོང་བརྡར་བྱེད་ཐབས་དེ་ལུགས་མཐུན་ལུས་རྩལ་གྲངས་འབོར་གྱི་དམིགས་ཚད་དང་ཁ་འབྲལ་ཐབས་མེད། འོ་ན། སྦྱོང་བརྡར་དུས་ཡུན་ཇི་ཙམ་བྱས་ན། འཚམ་ཤོས་ཡིན་ནམ་ཞེ་ན། དེ་ནི་མི་སོ་སོའི་གཟུགས་པོའི་གནས་ཚུལ་ལ་བལྟ་དགོས་པ་དང་འགག་རྩ་ནི་གཟུགས་པོ་ཐང་པོ་ཡོང་བ་བྱ་རྒྱུ་དེ་རེད། རྒྱལ་སྤྱིའི་གསོ་རིག་ལས་རིགས་ཀྱིས་མིའི་ལུས་པོར་འཚམ་ཤོས་ཀྱི་ལུས་རྩལ་དུས་ཚོད་དེ། གཟའ་འཁོར་རེར་ལུས་རྩལ་ཐེངས་གསུམ་ཡན་རྩེད་བའི་དུས་ཚོད་སྐར་མ་30ཟིན་དགོས་པ་དང་ཤུགས་ཚད་རན་པོ་ཡོད་དགོས་པ་བསྟན་ཡོད།

    1.གཟུགས་པོ་ཐང་བའི་དར་མ།

    གཟུགས་པོ་ཐང་བའི་དར་མས་ཉིན་ལྟར་ཤུགས་ཚད་རན་པའི་ལུས་རྩལ་རྩེད་ན་ནད་གཞི་འགོག་རྒྱུར་ཕན་ཐོགས་ཡོད། ལུས་རྩལ་རྩེད་པའི་བརྒྱུད་རིམ་ནང་རབ་བྱུང་ན་གོམ་པ་རྒྱག་པ་དང་རྐང་འཁོར་བཞོན་པའི་ལུས་རྩལ་དང་དེ་བཞིན་ལྗིད་བཏེགས་དང་རྐྱང་བསྐུམ་སོགས་ཀྱི་ལུས་རྩལ་རྩེ་དགོས།

    2.གཞོན་ནུ།

    གཞོན་ནུ་ཚོས་ཉིན་ལྟར་ཉུང་ཤོས་ལའང་ཤུགས་འབྲིང་གྲས་ཀྱི་ལུས་རྩལ་སྐར་མ་60རྩེ་བ་དང་ཆབས་ཅིག་གཟའ་འཁོར་རེར་ཉུང་མཐར་ཡང་ཤ་གནད་ཆེ་རུ་གཏོང་བ་དང་རུས་ཚིགས་སྐྱེ་རྒྱུར་འཚམ་པའི་སྦྱོང་བརྡར་དཔེར་ན། ཆུ་རྐྱལ་དང་རྒྱུགས་ཤར་གློད་པ་སོགས་ཀྱི་ལུས་རྩལ་རྩེ་དགོས།

    3.རྒན་རྒོན།

    རྒན་རྒོན་ཚོས་གཙོ་བོ་སྟབས་བསྟུན་རང་བཞིན་དང་མཉེན་ཤུགས་རང་བཞིན་གྱི་ལུས་རྩལ་དཔེར་ན། འཆམ་འཆམ་བྱེད་པ་དང་ནང་ལས་བྱེད་པ་དེ་བཞིན་ཁྱི་འཁྲིད་ནས་འཆམ་འཆམ་བྱེད་པ་སོགས་ཀྱི་ལུས་རྩལ་ནི་རྒན་རྒོན་ལ་འཚམ་པའི་ལུས་རྩལ་རེད།

    གསུམ། རྒྱུན་འཁྱོངས་བྱེད་དགོས།

    གཟུགས་པོར་སྦྱོང་བརྡར་བྱ་རྒྱུ་དེ་ནི་ཡུན་རིང་གི་ལས་ཀ་ཞིག་ཡིན། མུ་མཐུད་རྒྱུན་འཁྱོངས་བྱས་ན་གཟུགས་པོ་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཡོད། ང་ཚོ་རང་ཉིད་ཀྱིས་གཏན་འཁེལ་བྱས་པའི་སྦྱོང་བརྡར་བྱེད་ཐབས་ཐད་ཡུན་རིང་རྒྱུན་འཁྱོངས་བྱས་ན། གཞི་ནས་ཕན་པ་ཐོབ་ཐུབ། འོན་ཀྱང་སྐབས་འགར་རང་ཉིད་ཀྱིས་དགའ་བའི་ལུས་རྩལ་ལ་ཞེན་པ་ལོག་པ་དང་སུན་སྣང་སྐྱེ་བའི་སྐབས་སུ་ང་ཚོས་སྦྱོང་བརྡར་བྱེད་མཚམས་འཇོག་པ་སོགས་མི་བྱེད་པར་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392137371