བོད་ལྗོངས།
སེམས་ཁམས་བདེ་ཐང་གི་ཐ་སྙད་དང་ཚད་གཞི།

    གཅིག གང་འདྲ་ཞིག་ལ་སེམས་ཁམས་བདེ་ཐང་ཟེར་རམ།

    སེམས་ཁམས་བདེ་ཐང་གི་ཐ་སྙད་ནི་དུས་རབས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་རིག་གནས་ཀྱི་ཤུགས་རྐྱེན་དང་བསྟུན་ནས་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བཞིན་ཡོད། སེམས་ཁམས་རིག་པ་མཁས་ཅན་ལ་སེམས་ཁམས་བདེ་ཐང་གི་ཐ་སྙད་ཐད་གཤམ་གྱི་ཤོད་སྲོལ་འདི་དག་ཡོད་པ་སྟེ།

    “སེམས་ཁམས་བདེ་ཐང་ནི་མི་ཚོས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལ་ནུས་ཆེ་དང་སྤྲོ་སྣང་ལྡན་པའི་མཐུན་འཕྲོད་བྱེད་ཐབས་ལ་ཟེར། སེམས་ཁམས་བདེ་ཐང་ཡིན་པའི་མིའི་གཤིས་ཀར་འགྱུར་ལྡོག་ཆེན་པོ་མེད་པ་དང་། ཚོར་སྣང་སྐྱེན་པའི་རིག་ནུས་ལྡན་པ། སྤྱི་ཚོགས་ཀྱི་ཁོར་ཡུག་དང་མཐུན་འཕྲོད་བྱེད་པའི་བྱ་སྤྱོད་རྒྱུན་འཁྱོངས་ཐུབ”

    “སེམས་ཁམས་བདེ་ཐང་ནི་ཤེས་པ་དང་། སེམས་ནོར། འདུ་ཤེས། བྱ་སྤྱོད་བཅས་ཀྱི་ཐད་བདེ་ཐང་ཡིན་པར་ཟེར། དེའི་ནང་གཙོ་བོ་རྒྱུན་གཏན་གྱི་ཤེས་པ་ལྡན་པ་དང་། སྤྲོ་སྣང་ལྡན་ལ་འགྱུར་ལྡོག་ཆེན་པོ་མེད་པའི་གཤིས་ཀ་ལྡན་པ། བླ་ན་མེད་པའི་བརྩེ་སེམས་ལྡན་པ། སྲ་ཞིང་བརྟན་པའི་སྙིང་སྟོབས་ལྡན་པ། གཤིས་རྒྱུད་བཟང་པོ་ལྡན་པ། མི་གཞན་དང་འཆམ་པོ་ཡོད་པ་སོགས་ཚུད་ཡོད”

    “སེམས་ཁམས་བདེ་ཐང་ནི་རྒྱུན་མཐུད་པའི་སེམས་ཁམས་ལ་ཟེར། གཙོ་བོ་མཐུན་འཕྲོད་ཐུབ་པ་དང་། ཚེ་སྲོག་གི་གསོན་ཤུགས་ལྡན་པ། ལུས་སེམས་ཀྱི་མི་མངོན་སྟོབས་ཤུགས་གང་ལེགས་མངོན་པ་བཅས་རེད”

    གཉིས། སེམས་ཁམས་བདེ་ཐང་གི་ཚད་གཞི།

    སེམས་ཁམས་རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱེད་དོན། བདེ་ཐང་གི་སེམས་ཁམས་ལ་ཆ་རྐྱེན་འདི་དག་ལྡན་དགོས་པ་སྟེ།

    1.དངོས་ཡོད་གནས་ཚུལ་ལ་ལྟ་སྟངས་ཡང་དག་འཛིན་པ།

    སེམས་ཁམས་བདེ་ཐང་གི་མིས་དངོས་ཡོད་གནས་ཚུལ་དང་འབྲེལ་འདྲེས་ཡག་པོ་ཐུབ་པ་དང་། ཉེ་འཁོར་གྱི་བྱ་བ་རིག་པ་དྭངས་གསལ་དང་དོན་དངོས་དང་འཚམ་པའི་ངོས་འཛིན་ཐུབ་པ། དངོས་ཡོད་ལས་ལྷག་པའི་ཕུགས་བསམ་ལྡན་ལ། འཆར་སྣང་ལ་ཞེན་ཆགས་ཆེན་པོ་མི་བྱེད་པ། འཚོ་བའི་ནང་གི་གནད་དོན་དང་། དཀའ་ངལ། འགལ་ཟླ་བཅས་ལ་བྱ་ཐབས་ཏན་ཏིག་ངང་ཐག་གཅོད་ཐུབ་པ་ལས། དེ་ལས་གཡོལ་ཐབས་མི་བྱེད་པའི་ཡར་བརྩོན་གྱི་སྙིང་སྟོབས་ལྡན་པ།

    2.རང་ཉིད་གསལ་པོ་རྟོགས་པ།

    སེམས་ཁམས་བདེ་ཐང་གི་མིས་རང་ཉིད་གསལ་པོ་རྟོགས་ཤིང་། རང་ཉིད་ཀྱི་ལེགས་ཆ་དང་། སྐྱོན་ཆ། ཕྱོགས་ཁག་གི་ཆ་རྐྱེན་བཅས་རྟོགས་པ་མ་ཟད། རང་ཉིད་ཀྱི་འཇོན་ཐང་དང་། གཤིས་རྒྱུད། དགའ་ཕྱོགས། དེ་བཞིན་གཤིས་ཀ་དང་སྐུལ་སློང་ཡང་རྟོགས་པ། དེར་བརྟེན་ནས་རང་ཉིད་ཀྱི་འཚོ་བ་དང་ལས་ཀ་བཀོད་སྒྲིག་བྱས་ཏེ་སློབ་སྦྱོང་དང་། ལས་ཞུགས། དགའ་རོགས་སྒྲིག་པ་སོགས་ཐད་གདམ་ག་ཡང་དག་ཐུབ་ནས་ལེགས་གྲུབ་ཐུབ་ཚད་ཆེ་རུ་གཏོང་བ།

    3.མི་གཞན་དང་མཐུན་པ།

    སེམས་ཁམས་བདེ་ཐང་གི་མིས་མི་གཞན་དང་འབྲེལ་གཏུག་བྱེད་པར་དགའ་ཞིང་། གཅིག་ནས་མི་གཞན་ལ་བརྩེ་དུང་འཆང་ལ། གཉིས་ནས་མི་གཞན་གྱི་བརྩེ་དུང་མྱོང་རོལ་དང་དང་ལེན་ཐུབ་ནས། མི་མང་པོ་དང་འབྲེལ་བ་བཟང་པོ་འཛུགས་ཐུབ། མི་གཞན་དང་འབྲེལ་གཏུག་བྱེད་པའི་བརྒྱུད་རིམ་ནང་དགེ་མཚན་ལྡན་པའི་རྣམ་འགྱུར་ཕན་མེད་ཀྱི་རྣམ་འགྱུར་ལས་མང་བ་ཡོད།

    4.སེམས་བག་ཡངས་བ།

    སེམས་ཁམས་བདེ་ཐང་གི་མིས་སེམས་བག་ཡངས་ཤིང་གཤིས་ཀར་འགྱུར་ལྡོག་ཆེན་པོ་མེད་པ་དང་རྟག་ཏུ་སྤྲོ་སྣང་དང་ལྡན་པ། འཚོ་བར་དགའ་ཞེན་དང་ཡར་བརྩོན་གྱི་སྙིང་སྟོབས་ལྡན་པ། མ་འོངས་ལ་རེ་བས་ཁེངས་ཤིང་ཉོན་མོངས་ལས་རང་གྲོལ་ཐུབ་ཀྱི་ཡོད།

    5. རང་བཀུར་རང་གཅུན་ཐུབ་པ།

    སེམས་ཁམས་བདེ་ཐང་གི་མི་སྤྱི་ཚོགས་དང་འབྲེལ་འདྲེས་བྱེད་རིང་ང་རྒྱལ་རང་རློམ་མི་ཆེ་ལ། དཀའ་ངལ་འཕྲད་ཚེ་དཔའ་མི་ཞུམ། བྱ་སྤྱོད་ཐད་རང་རྐྱ་འཕེལ་བ་དང་། ལས་ཀ་གང་ཞིག་བྱེད་དགོས་པ་དང་གང་ཞིག་བྱེད་མི་དགོས་པ་གསལ་པོ་རྟོགས་ཀྱི་ཡོད། ལས་བཟང་རང་འགུལ་ངང་སྒྲུབ་པ་དང་ལས་ངན་རང་གཅུན་ཐུབ་ཀྱི་ཡོད།

    6.ལས་ཀར་སྤྲོ་བ།

    སེམས་ཁམས་བདེ་ཐང་གི་མིས་རང་ཉིད་ཀྱི་བློ་གྲོས་ལས་ཀར་འདོན་ཐུབ་པ་མ་ཟད། ལས་ཀ་ནས་ཐོབ་སྣང་འབྱུང་གི་ཡོད། མི་དེའི་ངོས་ནས་བརྗོད་ན་ལས་ཀ་་ནི་ཁུར་པོ་མིན་པར་སྤྲོ་སྣང་ཞིག་ལ་བརྩི་གི་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394340101