བོད་ལྗོངས།
མཇིང་ཚིགས་ནད་སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

    1.སྤྲོ་སྣང་བག་ཡངས་ཀྱི་སེམས་ཁམས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས། ཞིབ་འཇུག་ལས་ར་འཕྲོད་དོན། དུས་ཡུན་རིང་པོ་སེམས་སྦུག་དོག་པོ་དང་དགའ་སྐྱོ་ཆགས་སྡང་ཤུགས་ཆེ་བའི་མིར་དབང་རྩ་ཉམས་པའི་ནད་ཕོག་ཉེན་ཆེན་པོ་ཡོད། གལ་ཏེ་དབང་རྩ་ཉམས་ཚེ་རུས་ཚིགས་དང་ཤ་གནད་ཀྱི་ངལ་གསོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་ལྟར་ཡུན་རིང་སོང་ཚེ་མཇིང་པ་དང་ཕྲག་པ་ན་བདེ་པོ་ཡོད། དེས་ན་རྟག་ཏུ་སྤྲོ་སྣང་ཡར་སྐྱེད་ཀྱི་སེམས་ཁམས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས།

    2.མཇིང་ཕྲག་གི་ཤ་གནད་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས། རྟག་ཏུ་མགོ་བོ་དང་ལག་པ་རྒྱབ་མདུན་དུ་འགུལ་བ་དང་སྐོར་བ་རྒྱག་པ་སོགས་བྱས་ཚེ་ལུས་པོར་ངལ་གསོ་ཐེབས་པ་མ་ཟད། ད་དུང་ཤ་གནད་རྒྱས་ཏེ་མཉེན་ཆ་དོད་དུ་སོང་ནས་མཇིང་ཚིགས་མ་འཆུས་སྔོན་འགོག་ཐུབ་ལ་མཇིང་ཕྲག་དབར་གྱི་ཐོལ་བྱུང་གི་འགུལ་སྐྱོད་ནུས་པའང་ཆེ་རུ་འགྲོ་ཐུབ།

    3.སྔས་མགོ་མཐོ་པོ་རྒྱག་པའི་གོམས་གཤིས་ངན་པ་འདོར་དགོས། སྔས་མགོ་མཐོ་པོ་བརྒྱབ་ཚེ་མགོ་བོའི་གནས་སའང་དེ་མཚུངས་ཀྱིས་མཐོ་རུ་སོང་ནས་མཇིང་ཚིགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བ་དང་ཆབས་ཅིག་མཇིང་ཚིགས་འཆུས་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

    4.མཇིང་ཕྲག་གི་དྲོ་ཇུས་བྱེད་དགོས། མགོ་བོ་དང་མཇིང་པའི་ངོས་སུ་ཅ་དངོས་ལྕི་པོ་མི་འཁུར་བ་དང་། དཀའ་ལས་ཁག་དྲག་རྒྱུ་མེད་པ། རླངས་འཁོར་ལ་སྡོད་སྐབས་གཉིད་ཅོག་མི་རྒྱག་པ་བཅས་བྱེད་དགོས།

    5.མཇིང་ཕྲག་དང་སྒལ་པའི་ཕུང་གྲུབ་སྙི་མོ་ཉམས་ཚེ་སྔ་ཙམ་ནས་སྨན་བཅོས་མཐར་ཕྱིན་བྱས་ཏེ་མཇིང་ཚིགས་ནད་ལ་མི་འགྱུར་བར་བྱེད་དགོས།

    6.ངལ་རྩོལ་དང་འགྲུལ་བཞུད་བྱེད་སྐབས་རང་ངོས་སྲུང་སྐྱོང་ལ་དོ་སྣང་བྱས་ཏེ་གཟུགས་པོར་ངོས་སུ་རྨས་སྐྱོན་མི་ཕོག་པ་བྱེད་དགོས།

    7.གཞུང་ལས་ཀྱི་སྒྲོག་ཙེའི་མདུན་དུ་ལས་ཀ་བྱེད་ཡུན་རིང་མཁན་གྱིས་ངེས་པར་དུ་མགོ་བོ་ཡང་སེ་གཡུག་པ་དང་དུས་ཐོག་ཏུ་མཇིང་པའི་ཤ་གནད་ལ་སྦྱོང་བརྡར་བྱེད་དགོས།

    8.མགོ་བོ་དང་། མཇིང་པ། ཕྲག་པ། སྒལ་པ་བཅས་སྲོང་པོར་སྡོད་པ་ལས་མགོ་བོ་དང་ཕྲག་པ་འཁྱོག་པ་སོགས་མི་བྱེད་པར་ཕན་ཚུན་གླེང་མོ་བྱེད་སྐབས་ཀྱང་སྲོང་པོར་བསྡད་ནས་སྒལ་ཚིགས་མི་འཁྱོག་པར་བྱེད་དགོས། དུས་ཡུན་རིང་པོ་འབྲི་ཀློག་བྱེད་པ་དང་། ཤོ་སྦག་རྒྱག་པ། ཏག་སེ་རྒྱག་པ། བརྙན་འཕྲིན་ལྟ་བ་སོགས་བྱ་མི་རུང་།

    9.ཀྲུང་ལུགས་གསོ་རིག་གིས་ངོས་འཛིན་བྱས་དོན། སྟར་ཁ་དང་། རྩྭ་སྨན་ཧྲེང་ཏི། ཏིལ་ནག་སོགས་ལ་མཁལ་མ་དང་རྐང་ནུས་གསོ་བའི་ནུས་པ་ལྡན་ཞིང་། གལ་ཏེ་ཚད་རན་པོ་བཏང་ཚེ་རྩ་རྒྱུས་ཡག་ཏུ་འགྲོ་བ་དང་མཁལ་མ་དང་ཚིགས་ཀྱི་ནུས་པ་ཉམས་འགོར་བའི་ནུས་པ་ལྡན་ཡོད།

    10. མཇིང་ཚིགས་ན་སྐབས་རྐང་འཁོར་བཞོན་པ་དང་འཐག་སླས་སོགས་དང་དེ་བཞིན་དུས་ཡུན་རིང་པོ་བྱེད་དགོས་པའི་ལས་ཀ་གནས་སྐབས་མཚམས་འཇོག་བྱེད་དགོས།

    མཇིང་ཚིགས་ནད་ཀྱི་སྔོན་འགོག་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་གཉིས་ཡོད་དེ། གཅིག་ནས་མཇིང་ཚིགས་ལ་རྐྱེན་ངན་པའི་རྡབ་རྡེག་མི་ཕོག་པ་བྱེད་དགོས་པ་དང་། གཉིས་ནས་མཇིང་པའི་ཤ་གནད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས། དེ་ཡང་དང་ཐོག་མཇིང་ཚིགས་ནད་ཕོག་པའི་དོགས་གཞི་ཡོད་པའམ་ཡང་ན་མཇིང་ཚིགས་ནད་མ་ཕོག་སྔོན་དུ་ངེས་པར་དུ་མཇིང་ཚིགས་ལ་རྐྱེན་ངན་པའི་རྡབ་རྡེག་མི་ཕོག་པ་བྱེད་དགོས། གལ་ཏེ་མཇིང་ཚིགས་ལ་རྐྱེན་ངན་པའི་རྡབ་རྡེག་མི་ཕོག་པ་བྱས་ཚེ་མཇིང་ཚིགས་ནད་མ་ན་སྔོན་འགོག་ཐུབ་ཀྱི་ཡོད། རྒྱུན་གཏན་འཚོ་བའི་ཁྲོད་ངེས་པར་དུ་མགོ་བོ་བསྒུར་ནས་ལག་ཐོགས་ཁ་པར་སྤྱོད་པ་དང་དེ་བཞིན་དུས་ཡུན་རིང་པོ་གློག་ཀླད་སྤྱོད་པ་དང་། གཞུང་ལས་ཀྱི་སྒྲོག་ཙེའི་མདུན་དུ་ལས་ཀ་བྱེད་པ། རླངས་འཁོར་གཏོང་བ་སོགས་བྱ་མི་རུང་། དེ་ནས་ངེས་པར་དུ་མཇིང་པའི་ཤ་གནད་ཀྱི་ནུས་པའི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། ཤ་གནད་ཀྱི་ནུས་སྟོབས་ཆེ་རུ་གཏོང་བ་དང་ཆབས་ཅིག་མཇིང་ཚིགས་ཀྱི་བརྟན་པའི་རང་བཞིན་ཡང་ཆེ་རུ་བཏང་ནས་མཇིང་ཚིགས་ནད་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་དགོས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397606081