བོད་ལྗོངས།
ཀྲུང་གོ་ཚན་རིག་ཁང་རིག་ནུས་གྲོང་ཁྱེར་ཐོན་ལས་མནའ་འབྲེལ་གྱིས་བོད་ཀྱི་ལག་རྩལ་བཟོ་པའི་སློབ་གསོར་རྒྱབ་སྐྱོར་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དུ་འཚོགས་པའི“གཉིས་གཏོད”དངོས་སྦྱོང་སྒྲིག་ཆས་ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཚན་རིག་ཁང་རིག་ནུས་གྲོང་ཁྱེར་ཐོན་ལས་མནའ་འབྲེལ་གྱིས་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་དང་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་མཉམ་ལས་བྱས་ཏེ། སློབ་གྲྭ་མཉམ་སྐྲུན་དང་ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་མཉམ་ལས་བྱས་ནས། ཐོག་མའི་དུས་མཚམས་ཀྱི་བོད་ཀྱི་ལག་རྩལ་བཟོ་པའི་སློབ་གསོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

    མཛད་སྒོའི་ཐོག ཀྲུང་གོ་ཚན་རིག་ཁང་རིག་ནུས་གྲོང་ཁྱེར་ཐོན་ལས་མནའ་འབྲེལ་གྱིས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་ལ་སྒོར་ཁྲི་180རི་བའི“གཉིས་གཏོད”དངོས་སྦྱོང་སྒྲིག་ཆས་ཞལ་འདེབས་ཕུལ་བ་རེད།

    བོད་ལྗོངས་ལག་རྩལ་པའི་སློབ་གླིང་ནི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སའི་བོད་ཀྱི་ལག་རྩལ་རིགས་ཀྱི་སློབ་གླིང་ཐོག་མ་དེ་ཡིན་པ་དང་། 2019ལོར་ཕྱི་ཕྱོགས་ནས་སློབ་མ་བསྡུ་འགོ་ཚུགས་ཤིང་། འདི་ལོ་བསྡུས་པའི་སློབ་མ་གསར་པ་404དེ་2021ལོའི་ཟླ་6པར་སློབ་གྲྭ་ཐོན་རྒྱུ་རེད།

    ཀྲུང་གོ་ཚན་རིག་ཁང་རིག་ནུས་གྲོང་ཁྱེར་ཐོན་ལས་མནའ་འབྲེལ་ནི་ཀྲུང་གོ་ཚན་རིག་ཁང་གི་མཛུབ་ཁྲིད་འོག་གི་རྒྱལ་ཡོངས་རང་བཞིན་གྱི་ཐོན་ལས་མནའ་འབྲེལ་ཞིག་ཡིན་ཞིང་། མིག་སྔར། ཁོངས་མིའི་ཚན་པ་100ལྷག་ཙམ་ཡོད་པའི་ཁྲོད་ནས་ཕལ་ཆེ་བ་ནི་ཀྲུང་གོ་ཚན་རིག་ཁང་གི་གཤམ་འོག་གི་ཚན་ཞིབ་ཁང་སུའོ་དང་ཡོན་ཁོངས་གཏོགས་ཀྱི་ཁེ་ལས་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་ཏུན་པེའོ་རེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་མ་འོངས་ལོ་ལྔའི་ནང་རྒྱལ་ཁབ་རིམ་པ་1དང་རང་སྐྱོང་ལྗོངས་རིམ་པ་5ཡི་གསར་གཏོད་བྱེད་ཐབས་ཀྱི་ཚོད་ལྟའི་གླིང་ཁུལ་བཙུགས་ཏེ། དམིགས་སར་འཁྱོལ་བ་དང་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་ཚན་རྩལ་རྣམ་པའི་གསར་གཏོད་ལས་གཏོད་རྣམ་གྲངས་30ལས་བརྒལ་བ་སྐྱེད་སྲིང་བྱ་རྒྱུ་རེད།

    བོད་ལྗོངས་ལག་རྩལ་པའི་སློབ་གླིང་དུ་རིག་ནུས་ལག་རྩལ་ཐོན་ལས་མ་ལག་དང་། འགྲིམ་འགྲུལ་དང་རླངས་འཁོར་ཐོན་ལས་མ་ལག མི་རིགས་རིག་གནས་ཐོན་ལས་མ་ལག ཡུལ་སྐོར་དང་ཚོང་དོན་ཐོན་ལས་མ་ལག་སོགས་མ་ལག་དྲུག་གི་ཆེད་ལས་37བཙུགས་ཡོད། སློབ་གསོའི་ལམ་ལུགས་ཀྱི་འཛིན་གྲྭ་ཕུད། བོད་ལྗོངས་ལག་རྩལ་པའི་སློབ་གླིང་གིས་དུས་ཐུང་གསོ་སྦྱོང་འཛིན་གྲྭ་ཐེངས་24གཉེར་བར་སློབ་མ་1200གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386427781