བོད་ལྗོངས།
བོད་སྐད་རིག་ནུས་སྐད་གདངས་ལག་རྩལ་ཞིབ་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་བོད་ལྗོངས་སློབ་ཆེན་དུ་བཙུགས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་24ཉིན། བོད་སྐད་རིག་ནུས་སྐད་གདངས་ལག་རྩལ་ཞིབ་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་བོད་ལྗོངས་སློབ་ཆེན་དུ་བཙུགས་པ་དང་། དེ་ནི་བོད་ཀྱི་ས་ཆ་ཁག་གི་མང་ཚོགས་དབར་འབྲེལ་བ་སྟབས་བདེ་རུ་གཏོང་བ་དང་ལས་ཆོད་ཆེ་རུ་གཏོང་བ། འཚོ་བར་སྟབས་བདེ་སྐྲུན་པ་བཅས་ཀྱི་དགོས་མཁོ་སྐོང་ཆེད། གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་སྐད་གདངས་དེང་རབས་ཆ་འཕྲིན་ལག་རྩལ་དང་མཉམ་འདྲེས་འཕེལ་རྒྱས་ཐུབ་པའི་སྒོ་ནས་སྤྱོད་པའི་ཞིབ་སྤེལ་ལས་སྟེགས་གལ་ཆེན་ཞིག་ཡིན།

    བོད་སྐད་རིག་ནུས་སྐད་གདངས་ལག་རྩལ་ཞིབ་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ། ཤིན་ཧྭ་དྲ་བའི་ཟླ་སྒྲོན་གྱིས་པར་བླངས།

    ཚོད་ལྟ་ཁང་དེ་ནི་བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི(བོད་ལྗོངས་ཀའོ་ཁྲེ་ཞེས་བསྡུ་རྒྱུ)དང་ཁོའོ་ཏ་ཞུན་ཧྥེ་མ་རྐང་ཚད་ཡོད་ཀུང་སི(ཁོའོ་ཏ་ཞུན་ཧྥེ་ཞེས་བསྡུ་རྒྱུ) བོད་ལྗོངས་སློབ་ཆེན་བཅས་ཀྱིས་མཉམ་དུ་བཙུགས་པ་དང་། མིག་སྔར་ཕྱོགས་གསུམ་པོས་མཉམ་དུ་གསར་སྤེལ་བྱས་པའི"བོད་སྒྱུར་ལོ་ཙཱ"ཐོན་རྫས་ཁྲོམ་རར་བཏོན་ཡོད།

    "ང་ཚོ་དང་བོད་ལྗོངས་སློབ་ཆེན་དབར་མཉམ་ལས་ལོ་9ཙམ་བྱས་པ་དང་། དེའི་རིང་བོད་མི་རིགས་ཀྱི་སྐད་ཁོངས་གཙོ་བོའི་བོད་སྐད་ཀྱི་བརྗོད་ཚིག་རྒྱུ་ཆ་ཁྲི་400ལས་བརྒལ་བ་དཔྱད་གཞིའི་མཛོད་ནང་གསོག་འཇོག་བྱས་ཡོད"ཅེས་ཁོའོ་ཏ་ཞུན་ཧྥེ་བོད་ལྗོངས་ཡན་ལག་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་དབྱང་ལིས་ངོ་སྤྲོད་བྱས།

    བོད་ལྗོངས་ཀའོ་ཁྲེ་ནི"བོད་སྒྱུར་ལོ་ཙཱ"ཐོན་རྫས་ཀྱི་གཉེར་སྐྱོང་མཁན་ཡིན་པ་དང་། ཀུང་སི་དེའི་འགན་འཁུར་བ་ལི་ཡུན་ཚུང་གིས་APPདེ་སྤྱོད་འགོ་ཚུགས་པ་ནས་བཟུང་འབེབས་ཚད་ཁྲི་8ཟིན་པ་དང་ནང་དོན་ཁྲོད་ཆབ་སྲིད་དང་འགྲིམ་འགྲུལ། སྨན་བཅོས། རིག་གནས་སོགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་འཚོ་བའི་སྐད་ཆ་ཚུད་ཡོད་ཅིང་། མིག་སྔར་ཡི་གེ་དབྱེ་འབྱེད་གནད་ལ་འཁེལ་ཚད་90%ཟིན་པ་དང་སྐད་གདངས་དབྱེ་འབྱེད་ཡི་གེར་བསྒྱུར་སྐབས་གནད་ལ་འཁེལ་ཚད་70%ནས་80%བར་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386594171