བོད་ལྗོངས།
བོད་ལྗོངས་སུ་ཚན་རྩལ་གྱིས་ཞིང་འབྲོག་ལས་ཐད་ལེགས་སྐྱེས་འབུལ་ཚད་50%ལས་བརྒལ་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནོར་སྲིང་ཐིང་ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་ལྗོངས་ཀྱིས་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་དངུལ་བུན་སྐྱེད་གསབ། རྣམ་གྲངས་ཁ་གསབ་སོགས་ཀྱི་བྱ་ཐབས་བཟུང་སྟེ་ཚན་རྩལ་གསར་གཏོད་དང་ཚན་རྩལ་རྣམ་གྲངས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ལོ་ཧྲིལ་པོར་ནོར་སྲིད་ཚན་རྩལ་ཐད་ཀྱི་གཏོང་སྒོ་མ་དངུལ་སྒོར་དུང་ཕྱུར་10ཡན་ཟིན་པ་དང་། ནོར་སྲིད་ཚན་རྩལ་ཐད་ཀྱི་གཏོང་སྒོ་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་ཀྱི་གཏོང་སྒོ་ཁག་སོ་སོར་23%དང་19%འཕར་བས། ཚན་རྩལ་གྱིས་ཞིང་འབྲོག་ལས་ཐད་ལེགས་སྐྱེས་འབུལ་ཚད་51%ཟིན་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ཀྱི་ཞིང་འབྲོག་ལས་དེ་ཉིད་རྨོ་འདེབས་རགས་ལས་དང་གནམ་ཆུར་བརྟེན་ནས་ཕྱུགས་གསོ་བའི་གདོད་མའི་ཐོན་སྐྱེད་ཀྱི་ཆུ་ཚད་ཐོག་གནས་ཡོད། ལོ་མང་རིང་མ་དངུལ་བཏང་བ་དང་དེ་བཞིན་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་བ་བརྒྱུད་བོད་ཀྱི་ཞིང་འབྲོག་ལས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། 2019ལོར་བོད་ཀྱི་འབྲུ་རིགས་ཐོན་ཚད་དང་ཕྱུགས་རིགས་བཤས་གཏོང་ཚད་རྒྱུན་མཐུད་ངང་འཕར་ཡོད་ཅིང་། དེའི་ཁྲོད་འབྲུ་རིགས་ཐོན་ཚད་ཏུན་ཁྲི་105ཟིན་པ་དང་། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་90ལས་བརྒལ་ཡོད། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་48.9ཟིན་པ་དང་དུས་མཚུངས་ལས་16%འཕར་ཡོད།

    འདི་ལོ་བོད་ལྗོངས་ཀྱིས་ཞིང་འབྲོག་ཚན་རྩལ་ཞིབ་འཇུག་དང་གྲུབ་འབྲས་བཀོལ་སྤྱོད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ཚན་རྩལ་ཐད་མ་དངུལ་གཏོང་ཚད་ན་ནིང་ལས་མཐོ་བ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ་དང་། ཆབས་ཅིག་ནས་དང་འབྲི་གཡག་གི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་སྐྲུན་ཤུགས་མགྱོགས་སུ་གཏོང་བ་དང་རྨོ་ཞིང་མུའུ་ཁྲི་200ཡི་སྤུས་ཚད་མཐོར་གཏོང་ལས་གྲྭ་དང་ཕྱུགས་རིགས་མགོ་གྲངས་ཁྲི་30ཡི་རྒྱུད་པ་ལེགས་གཏོང་འདུ་འགོད་སྤེལ་ཏེ་སྔོ་ཚལ་དང་ཤ་དང་འོ་མའི་ཐོན་ཚད་ཚང་མ་ཏུན་ཁྲི་100ཟིན་པའི་འགན་ལེན་བྱ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386942471