བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་བྱང་བུ་སྤྲོད་པའི་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་གྱིས་2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་བརྡ་ཁྱབ་བྱས་པ་རེད།

    ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དམིགས་ཚད་དཔྱད་ཞིབ་གྲུབ་འབྲས་ཕུལ་དུ་བྱུང་བའི་ཚན་པར་བྱང་བུ་གནང་བ་རེད།

    ཏིང་ཡེ་ཤན་གྱིས་2019ལོར་ལྗོངས་ཡོངས་ཀྱི་གོང་འོག་ཏུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་ཁྲོམ་རར་ཕྱོགས་པ་དང་། ལྗོངས་ཕྱི་ནང་ལ་ཕྱོགས་པ། གཞི་རིམ་ལ་ཕྱོགས་པ་བཅས་ཀྱི་ཐབས་ལམ་མང་བའི་ལས་ཞུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་98.1%ཟིན་ནས་སྤུས་ཚད་རིམ་སྤོར་དང་གྲངས་འབོར་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད་ཅེས་བསྟན་གནང་བ་རེད།

    ཏིང་ཡེ་ཤན་གྱིས་བླང་བྱ་བཏོན་གནང་དོན། བརྒྱུད་རིམ་ལྡན་པའི་སྲིད་ཇུས་མ་ལག་ཏན་ཏིག་བསྐྲུན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འཆར་འགོད་ཞིབ་འཇུག་བྱས་ཏེ་བཟོ་བ་དང་སྒྲིག་འཛུགས་བྱས་ནས་ལག་བསྟར་མགྱོགས་མྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་སྐུལ་ལྕག་དང་ཁྲིད་སྟོན་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱེད་དགོས་པ་དང་། ལས་ཞུགས་ལས་སྟེགས་བརྟན་པོ་ཞིག་བསྐྲུན་ནས་གཞི་རིམ་གྱི་ལས་ཞུགས་ལས་གནས་དང་། ལྗོངས་ཕྱིའི་ལས་ཞུགས་ལས་གནས། ཁེ་ལས་ཀྱི་ལས་གནས་བཅས་གསར་སྤེལ་ཧུར་ཐག་བྱས་ཏེ་ལས་ཞུགས་སྔར་བས་བརྟན་དུ་གཏོང་དགོས་པ། འཐུས་སྒོ་ཚང་བའི་ལས་ཞུགས་ཞབས་ཞུའི་ལམ་སྲོལ་ཏན་ཏིག་བཟོས་ཏེ་ཆ་འཕྲིན་ལས་སྟེགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྗོངས་ཕྱིའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། ལས་གནས་ཡོངས་བསྒྲགས་དང་། འོས་སྦྱོར། ཆེད་དོན་གདན་ཞུ་བཅས་ཀྱི་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། རྩལ་ནུས་རིམ་སྤོར་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ། ལས་གཏོད་ལ་རོགས་སྐྱོར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ལས་གཏོད་དཔེ་སྟོན་རྟེན་གཞི་དང་སྐྱོང་གསོའི་རྟེན་གཞི་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལས་གཏོད་མཛུབ་ཁྲིད་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། མཐོ་སློབ་ཆེད་ལས་ཀྱི་གྲུབ་ཆ་ལེགས་བཅོས་དང་ལེགས་སྒྲིག་ཏན་ཏིག་བྱས་ཏེ་ལས་ཞུགས་ཀྱི་ཆོས་ཉིད་དང་ཤེས་ལྡན་པ་སྐྱེད་སྲིང་གི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས་སློབ་གསོ་དང་ལས་ཞུགས་ཕྱོགས་གཉིས་ཐད་ལ་སྤྱི་འདོམས་ཡག་པོ་དང་ལས་ཞུགས་གནས་ཚུལ་དང་སློབ་བསྡུའི་འཆར་གཞི་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་ཇུས་གཞིའི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་ཁྲིད་སྟོན་ལམ་སྲོལ་ཏན་ཏིག་བཙུགས་ཏེ་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་ལ་གཏིང་ཟབ་ཟུག་ཐུབ་པ་བྱེད་དགོས་པ། ལས་ཀའི་འགན་འཁྲིའི་ལམ་ལུགས་ནན་པོ་བཙུགས་ཏེ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་བརྟེན་ནས་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏོང་དགོས་པ་བཅས་རེད།

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387095041