བོད་ལྗོངས།
སྐར་མ་མི་འགྱུར་གྱི་ལས་གཏོད་གཏམ་རྒྱུད།

    སློབ་ཆེན་ཐོན་རྗེས་ཁོང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད། དེ་རྗེས་མཉམ་ལས་ཁང་དང་ཀུང་སི་བཙུགས་ནས་ཉེ་འཁོར་མང་ཚོགས་ལས་ཞུགས་བྱེད་པར་འབོད་དེ། ཕ་ཡུལ་གྱི་མང་ཚོགས་དབུལ་པོ་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས། ཁོང་ནི་བོད་ལྗོངས་ཕྱྭ་གཡང་ཕྱོགས་བསྡུས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྐར་མ་མི་འགྱུར་རེད།

    “སྐབས་དེ་དུས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ལས་གཏོད་བྱེད་དགོས་སྙམ་བྱུང་། དེས་མ་ཟད། ཡུལ་མི་རྣམས་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོ་བྱེད་འདོད་ཡོད”ཅེས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག བོད་ལྗོངས་སློབ་ཆེན་ནོར་དཔལ་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སྐར་མ་མི་འགྱུར་གྱིས་གཞུང་ཞབས་པའི་ཡིག་རྒྱུགས་མ་བཏང་བར་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལམ་བུར་ཞུགས།

    2015ལོར་སྐར་མ་མི་འགྱུར་གྱིས་སྟོད་ལུང་ནམ་མཁའ་ཞིང་འབྲོག་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་པ་མ་ཟད། 2019ལོར་བོད་ལྗོངས་ཕྱྭ་གཡང་ཕྱོགས་བསྡུས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིའང་བཙུགས། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་གྱིས། སྐར་མ་མི་འགྱུར་གྱི་ཀུང་སིའི་འཕེལ་རྒྱས་ལ་འདེཌ་སྐྱོར་ནུས་ལྡན་བྱུང་བ་དང་། ཁོང་གིས་ཡུལ་མི་རྣམས་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ཏེ། གཞི་ཁྱོན་སྔར་བས་ཆེ་རུ་བཏང་བ་དང་། སྒྲིག་ཆས་གསར་པ་ནང་འདྲེན་བྱས་ཏེ་ཐོན་རྫས་ཐོན་སྐྱེད་བྱེད་ཚད་མང་དུ་བཏང་བ་མ་ཟད། ཡུལ་སྐོར་ཀུང་སི་དང་མཉམ་ལས་ཧུར་ཐག་བྱས་ཏེ་ཞིང་འབྲོག་ཐོན་རྫས་བྲིན་ཚོང་འགྲེམས་ཁང་བཙུགས་པ་དང“གཅིག་འཐུས་རྣམ་པའི”ཞབས་ཞུ་འཐུས་ཚང་དུ་བཏང་ནས་ཡུལ་དེའི་ཁྱད་ལྡན་ཐོན་རྫས་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ས་ཆ་དེ་གའི་མི་སེར་ལ་དཔལ་འབྱོར་ཕན་འབྲས་དགའ་འོས་པ་བཏོད་ཡོད། ས་གཙང་ཀུང་སི་དང་མཉམ་ལས་བྱས་ཏེ་ལྗང་མདོག་དང་སྦགས་བཙོག་མེད་པའི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་བཏང་བ་དང་། “དྲ་སྦྲེལ+”གྱི་རྣམ་པ་སྤྱད་དེ་ཚོང་གཉེར་བྱེད་སྟངས་གསར་གཏོད་བྱས་པ་དང་། བྲིན་ཚོང་ཐབས་ལམ་ཡངས་སུ་བཏང་ཡོད། གཞན་ཡང་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གཏོད་ཀྱི་ཁོར་ཡུག་ཁྲོད་དུ་ལས་གཏོད་བྱེད་དགོས་པའི་སྐུལ་ལྕག་བྱས་པ་མ་ཟད་ལས་ཞུགས་ལ་ཡང་སྐུལ་འདེད་ཐུབ་ཡོད། ད་བར་མང་ཚོགས་དབུལ་པོ་29ལས་ཞུགས་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    བོད་ལྗོངས་ཕྱྭ་གཡང་ཕྱོགས་བསྡུས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིས་གཙོ་བོ་དཀར་ཆུའི་ཐོན་རྫས་དང་ས་མཐོའི་སྨན་རྒྱུ་ལས་སྣོན་དང་བྲིན་འཚོང་བྱེད་ཀྱི་ཡོད། ཀུང་སི་བཙུགས་ཚུན། ཁྲོམ་ར་སྟོན་ཕྱོགས་སུ་བརྩི་བ་དང་ཚན་རྩལ་འདེགས་སྐྱོར་དུ་བྱས་ནས་ས་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་ཧུར་ཐག་དང་། དཔལ་འབྱོར་འཕར་གཞི་གསར་གཏོད་བྱས་ཏེ། མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད། “ངས་འབད་བརྩོན་གང་ཐུབ་བྱས་ཏེ་ཡུལ་མི་རྣམས་ཕྱུག་པོའི་ལམ་དུ་འཁྲིད་ཀྱི་ཡིན། སླད་ཕྱིན་མང་ཚོགས་སྔར་ལས་མང་བ་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་སྐར་མ་མི་འགྱུར་གྱིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387125651