བོད་ལྗོངས།
བོད་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དྲ་ཐོག་ནས་སློབ་ཁྲིད་བྱེད་པ།

    “དྲ་ཐོག”སློབ་ཁང་ཡོད་པས་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ།

    གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2020ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་རྒྱུ་ནར་འགྱངས་བྱས་པའི་དོན་དངོས་ལ་དམིགས་ཏེ། རང་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དགེ་རྒན་གྱིས་དྲ་ཐོག་ནས་ཁྲིད་སྟོན་དང་སློབ་མས་རང་ཁྱིམ་དུ་རང་སྦྱོང་བྱ་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སློབ་ཚན་ཚོགས་མ་ཐུབ་རུང་སློབ་སྦྱོང་བྱ་རྒྱུ་མཚམས་བཞག་མེད།

    དྲ་ཐོག་གི་སློབ་ཁྲིད་ལ་དམིགས་ནས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་དྲ་རྒྱའི་བདེ་འཇགས་ཚོགས་ཆུང་དང་། ལག་རྩལ་འདེགས་སྐྱོར་ཚོགས་ཆུང་། ཐོན་ཁུངས་འགན་ལེན་ཚོགས་ཆུང་། སློབ་གསོ་སློབ་ཁྲིད་མཛུབ་ཁྲིད་ཚོགས་ཆུང་བཅས་བཙུགས་ཏེ། ས་གནས་ཁག་གི་སློབ་གྲྭ་ཁག་ལ་རྒྱང་ཁྲིད་ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུ་བྱས་ཡོད། དྲ་རྒྱ་ཁྱབ་མེད་པའམ་ཡང་ན་དྲ་རྒྱའི་བརྡ་རྟགས་ཞན་པའི་གྲོང་གསེབ་ཁ་ཤས་ཀྱི་སློབ་མས་ཀྲུང་གོའི་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་4པའི་མཁའ་དབྱིངས་ཀྱི་སློབ་ཚན་ཉན་ཆོག་པ་དང་། བརྙན་འཕྲིན་གྱི་བརྡ་རྟགས་ཀྱང་ཁྱབ་མེད་པའི་གྲོང་གསེབ་ཀྱི་སློབ་གྲྭས་དགེ་རྒན་བཀོད་སྒྲིག་བྱས་ཏེ་ཁ་པར་བརྒྱབ་པ་སོགས་བརྒྱུད་རང་ཁྱིམ་དུ་སློབ་སྦྱོང་བྱེད་དགོས་པའི་མཛུབ་ཁྲིད་དང་ཞབས་འདེགས་ཞུས་ཏེ་ཁྱིམ་དང་སློབ་གྲྭ་གཉིས་ཀྱིས་མཉམ་དུ་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཆེའི་དགེ་སློབ་ཚོས་བོད་ལྗོངས་སློབ་གསོ་ཇོ་རིའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་ནང་འཛུལ་ཏེ་དྲ་ཐོག་གི་སློབ་སྦྱོང་ཐོན་ཁུངས་བསྡུ་ལེན་བྱེད་དགོས་ཤིང་། མིག་སྔར། ལས་སྟེགས་དེས་རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དྲ་རྒྱའི་སྤྲིན་ཚོགས་ལས་སྟེགས་དང་། མི་སློབ་པར་གཞིའི་མཉམ་བགྲོད་སློབ་གཞི། བོད་སྐད་ཡིག མཐོ་སློབ་ཀྱི་དྲ་བ་སོགས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་རིན་མེད་ངང་མཁོ་འདོན་བྱས་ཡོད། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་། ས་ཁུལ། སློབ་གྲྭ་བཅས་ཀྱིས་ས་གནས་དེ་གའི་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“ཏིང་ཏིང་APP”སོགས་དྲ་ཐོག་སློབ་ཚན་མཉེན་ཆས་སྤྱད་དེ་སློབ་ཁྲིད་བྱེད་ཆོག

    ཁྱིམ་བདག་དང་སློབ་མའི་སེམས་ཁྲལ་འགར་དམིགས་ནས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སློབ་འགོ་ཚུགས་རྒྱུ་ནར་འགྱངས་བྱེད་རིང་དྲ་ཐོག་ཏུ་སློབ་གསོ་སློབ་ཁྲིད་བྱེད་པའི་ཁྲོད་སློབ་ཚན་གསར་པ་ཁྲིད་མི་ཆོག་པ་དང་། སློབ་འགོ་དངོས་སུ་ཚུགས་རྗེས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་སློབ་ཁྲིད་དགེ་རྒན་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་གི་གནས་ཚུལ་ལ་དབྱེ་ཞིབ་ཞིབ་ཚགས་བྱེད་ཁར། སློབ་མས་རང་ཁྱིམ་དུ་སློབ་སྦྱོང་བྱེད་པའི་གནས་ཚུལ་མཐིལ་རྟོགས་ནན་ཏན་བྱེད་པ་དང་། སློབ་སྦྱོང་གི་སྤུས་ཚད་ལ་ཚོད་སྐོར་བྱེད་པ། དམིགས་སའི་རང་བཞིན་གྱི་སྒོ་ནས་སློབ་ཁྲིད་ཀྱི་འཆར་གཞི་བཟོ་བ་བཅས་བྱས་ནས། སློབ་སྦྱོང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གཅིག་གྱུར་བླང་བྱ་བཏོན་པ་རེད།

    རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལུའུ་ཧྲེ་ཁྲེང་གིས། “རིམས་ནད་ཐོན་རིང་སློབ་མའི་བདེ་འཇགས་དང་བདེ་ཐང་ལ་བསམ་ཤེས་བྱས་ཏེ། རང་ལྗོངས་ཀྱིས་གཞི་ཁྱོན་ཆེན་པོ་འདི་ལྟ་བུའི་དྲ་ཐོག་སློབ་ཁྲིད་ཐོག་མ་ཚོད་ལྟ་བྱས་ཡོད”ཅེས་བཤད། སློབ་འགོ་ཚུགས་རྒྱུ་ནར་འགྱངས་བྱེད་རིང“སློབ་ཚན་མཚམས་བཞག་རུང་སློབ་སྦྱོང་མཚམས་མི་འཇོག་པ”འགན་ལེན་ཏན་ཏིག་བྱ་ཆེད། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ལྗོངས་འཕྲིན་གཏོང་དོ་དམ་ཅུས་དང་། བོད་ལྗོངས་གློག་འཕྲིན། བོད་ལྗོངས་སྒུལ་བདེ་བཅས་དང་སྦྲེལ་མཐུད་མཐུན་སྦྱོར་ཐེངས་མང་བྱས་ཏེ། “དྲ་ཐོག་གི་སློབ་ཁྲིད”ལས་སྟེགས་ཀྱི་འཁོར་རྒྱུག་འགན་ལེན་ཡག་པོ་བྱས་ནས་དྲ་རྒྱ་ཁྱབ་ཚད་ཇེ་ཆེར་བཏང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388456711