བོད་ལྗོངས།
བོད་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གནམ་གཤིས་འགན་ལེན་ཞབས་ཞུ་བྱེད་འགོ་བཙུགས་པ།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གནམ་གཤིས་འགན་ལེན་ཞབས་ཞུ་རུ་ཁག་གིས་ཚེས་7ཉིན་ལྷ་ས་ནས་རྡོག་ཐོན་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་ལ་བསྐྱོད་ནས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གནམ་གཤིས་འགན་ལེན་ཞབས་ཞུ་དངོས་སུ་བྱེད་འགོ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞབས་ཞུའི་རུ་ཁག་དེ་གནམ་གཤིས་བརྟག་དཔྱད་ཚད་ལེན་འགན་ལེན་ཞབས་ཞུའི་ཚོགས་ཆུང་དང་གནམ་གཤིས་སྔོན་བརྡ་འགན་ལེན་ཞབས་ཞུའི་ཚོགས་ཆུང་གི་རུ་མི་16ལས་གྲུབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་མོ་གླང་མའི་ཁུལ་གྱི་གནམ་གཤིས་གནས་ཚུལ་སྔར་བས་ཤེས་རྟོགས་གསལ་པོ་ཐུབ་པ་བྱས་ནས་རི་རྩེར་འཛེགས་ཏེ་མཐོ་ཚད་འཇལ་བའི་ལས་དོན་ལ་ཞབས་འདེགས་ཡག་པོ་ཞུ་ཆེད། ཚེས་7ཉིན་ནས་བཟུང་། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་དང་། གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ལས་ཁུངས། ས་གནས་ས་ཐོག་གི་གནམ་གཤིས་སྔོན་བརྡ་འགན་ལེན་ཚོགས་ཆུང་བཅས་ཀྱིས་མཉམ་དུ་གྲོས་མོལ་ཟབ་མོ་བྱས་ནས་སྔོན་བརྡའི་ཞབས་ཞུ་ཞིབ་ཕྲ་བཟོས་ཏེ། ཉིན་ལྟར་དུས་བཀག་བཞིན་ལག་ཐོགས་ཁ་པར་གྱི་ཆ་འཕྲིན་དང་སྐད་འཕྲིན་ཚོགས་པ་བརྒྱུད་རི་འཛེག་རུ་ཁག་ལ་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གནམ་གཤིས་སྔོན་བརྡའི་ཆེད་གཏོང་ཞབས་ཞུ་སྒྲུབ་ཀྱི་ཡོད་ཅིང་། དེའི་ནང་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་གནམ་གཤིས་ཀྱི་གནས་ཚུལ་དང་། མ་འོངས་ཆུ་ཚོད་ཉེར་བཞིའི་རིང་གི་གནམ་གཤིས་འགྱུར་བའི་སྔོན་བརྡ་གཏོང་བ་སོགས་ཚུད་ཡོད། ད་དུང་གནམ་གཤིས་ཀྱི་འགྱུར་ལྡོག་གནས་ཚུལ་ལ་གཞིགས་ནས་སྔོན་བརྡ་གཏོང་བའི་ཞབས་ཞུའི་ཆ་འཕྲིན་བབ་བསྟུན་ངང་བཏང་བ་དང་འབྲེལ། དག་བཅོས་ཀྱང་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གནམ་གཤིས་སྔོན་བརྡ་གཏོང་བའི་འགན་ལེན་ཞབས་ཞུ་གནད་ལ་འཕིགས་པ་དང་ཕན་ནུས་ཆེན་པོ་ཐོན་པ་བྱ་ཆེད། ཚེས་10ཉིན་གྱི་ཞོགས་པར་གནམ་གཤིས་འགན་ལེན་ཞབས་ཞུའི་རུ་ཁག་གིས་ཇོ་མོ་གླང་མའི་སྒར་ས་ཆེ་མོར་བསྐྱོད་དེ་ས་གནས་ས་ཐོག་གི་གནམ་གཤིས་གནས་ཚུལ་ཤེས་རྟོགས་བྱས་པ་དང་སྦྲགས། འབྲེལ་ཡོད་ཀྱི་གནམ་གཤིས་དཔྱད་གཞི་འཚོལ་བསྡུ་དང་དཔྱད་ཆས་ཀྱི་ནུས་པ་ཡག་པོ་ཡོད་མིན་བརྟག་དཔྱད་བྱས་པ་མ་ཟད། སྒར་ས་ཆེ་མོའི་མི་མེད་རང་འགུལ་གནམ་གཤིས་ས་ཚིགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཉམས་བཟོ་བྱས་པ་དང་འབྲེལ། དཔྱད་ཆས་སྣ་ཚོགས་རྒྱུན་གཏན་བཞིན་བེད་སྤྱོད་ཐུབ་པའི་འགན་ལེན་དང་རྒྱལ་ཁབ་ཐིག་ལེན་རིས་འབྲི་རུ་ཆེན་དང་པོ་དང་སྦྲེལ་མཐུད་བྱས་ནས་བླང་བྱར་གཞིགས་ཏེ། ཞབས་ཞུའི་ཇུས་གཞི་འཐུས་ཚང་དང་། ཞིབ་ཚགས། འགན་ལེན་བཅས་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001390428431