བོད་ལྗོངས།
བོད་རིགས་སློབ་ཆེན་སློབ་མ་སྒྲོན་ལགས་ཀྱིས་ལས་ཀ་འཚོལ་བའི་སྐོར་བཀོད་པ།

    སྒྲོན་ལགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྲི་ཇུས་འགོད་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་བདམས་པ།

    བོད་ཀྱི་སློབ་ཆེན་སློབ་མའི་དྲ་ཐོག་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་གཉིས་གཉེར་ཞིང་། ཐེངས་དང་པོར་ཆེད་དོན་དྲ་ཐོག་ལས་མི་བསྡུ་བར་ཐོ་འགོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མ་19204ཟིན་པ་དང་། ལོ་རྒྱུས་མདོར་བསྡུས་15053བསྐུར་བ། གྲོས་མཐུན་རགས་ཙམ་བྱུང་མཁན་1167ཟིན་ཡོད། ཐེངས་གཉིས་པར་སྡོད་ཁང་འཛུགས་སྐྲུན་དང་། ཡུལ་སྐོར། ཚོང་དོན་བཅས་ཁྱབ་ཁོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་དྲ་ཐོག་གི་ལས་མི་བསྡུ་བའི་འདུ་ཚོགས་ནང་གྲོས་མཐུན་རགས་ཙམ་བྱུང་མཁན་104ཡོད།

    ཉིན་3རྗེས་སློབ་གྲྭ་ཚུགས་རྒྱུ་ཡིན་པས་ཁྱིམ་དུ་ཟླ་བ་གསུམ་ཙམ་བསྡད་པའི་སྒྲོན་ལགས་ཀྱིས་སློབ་དེབ་དང་། གྱོན་ཆས། འཁྲུད་ཆས་སོགས་སློབ་གྲྭར་ལོག་པའི་རྡོག་ཆས་རྒྱག་བཞིན་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་སློབ་གྲྭ་ཐོན་ཉེར་ཡོད་པའི་སྒྲོན་ལགས་ཁྱིམ་དུ་ཡུན་རིང་སྡོད་དགོས་བྱུང་བ་རེད།

    “འདི་ལོ་ཁྱིམ་དུ་ཡུན་རིང་པོ་བསྡད་པས་དཔྱིད་རྨོད་ཀྱང་འགོ་ཚུགས་སོང་བས་ནང་མིར་ཞིང་ལས་བྱེད་རོགས་བྱས་པ་ཡིན། ལོ་ཤས་ཞིང་ལས་མ་བྱས་པར་བརྟེན་ཞིང་ལས་བྱེད་སྐབས་ལག་པ་ཁོབ་ཏོ་ཆགས་པའི་སྣང་བ་འདུག མགྱོགས་པོ་སློབ་གྲྭ་ཚུགས་གྲབས་ཡོད་པས་གྲོགས་མོ་ཚོ་ཐུག་གི་རེད”ཅེས་བོད་རིགས་བུ་མོ་དེས་དགའ་ཚོར་ངང་དེ་ལྟར་བཤད།

    ཟླ་བ་གཉིས་ཀྱི་གོང་དུ་སྒྲོན་ལགས་ཉིན་ལྟར་སེམས་ཁྲལ་གྱི་གནས་སུ་གྱར། “སློབ་གྲྭ་ཐོན་གྲབས་ཡོད་པས་སློབ་གྲྭར་ལོག་མ་ཐུབ་ན་སློབ་གྲྭའི་དཔྱིད་དུས་ཀྱི་ལས་མི་བསྡུ་བའི་བྱེད་སྒོར་ཞུགས་ཐབས་བྲལ་བས་ལས་ཀ་འཚོལ་བའི་ཐད་སེམས་ཁྲལ་ཆེན་པོ་འདུག”སེམས་ཁྲལ་འདྲ་མིན་སྣ་ཚོགས་ལས་སྒྲོན་ལགས་འཚབ་འཚུབ་ཏུ་གྱུར་ཡོད།

    གནས་དོན་དེར་སེམས་ཁྲལ་བྱེད་སྐབས་འཛིན་གྲྭའི་ཀྲུའུ་རེན་གྱིས་འཛིན་གྲྭའི་སྐད་འཕྲིན་ཚོགས་པའི་ནང“བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ལེགས་ལས་གནས་ཀྱི་ཆེད་དོན་དྲ་ཐོག་ལས་མི་བསྡུ་བའི་འདུ་ཚོགས”ཀྱི་ཆ་འཕྲིན་ཞིག་བསྐུར་བས་སྒྲོན་ལགས་ཀྱིས་འཕྲལ་མར་ཆ་འཕྲིན་དེ་བལྟས་པ་དང་ཚོགས་པའི་ནང་སློབ་གྲོགས་ཚོས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་ཞབས་ཞུ་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་བོད་སྡོད་ཀྲུང་དབྱང་ཁེ་ལས་སོགས་ཚན་པ་དང་མཐུན་སྦྱོར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར་འཚམས་པའི་སྤུས་ལེགས་ལས་གནས་5925འཚོལ་བསྡུ་བྱས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་དྲ་ཐོག་ནས་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ་དེ་ལས་ཞུགས་ཐད་སེམས་ཁྲལ་བྱེད་བཞིན་པའི་སློབ་ཆེན་སློབ་མ་ཚོའི་ངོས་ནས་བརྗོད་ན་དུས་ཐོག་ཆར་པ་ལྟར་ཡིན་པས་བོད་ལྗོངས་སྤྱི་པའི་ལས་ཞུགས་ལས་བསྡུའི་དྲ་བ་བརྒྱུད་ནས་རང་ཉིད་ཀྱི་བློ་འདོད་ལྟར་ཚན་པར་མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་བསྐུར་བ་རེད།

    ཟླ་3ཚེས་17ཉིན་ནམ་ལངས་མ་ཐག་སྒྲོན་ལགས་ཀྱིས་གློག་ཀླད་མདུན་དུ་དྲ་ཐོག་ལས་མི་བསྡུ་རྒྱུ་སྒུག་ནས་བསྡད། ཁོང་གིས་གྲ་སྒྲིག་ཡུན་རིང་བྱས་པའི་ལོ་རྒྱུས་མདོར་བསྡུས་སྔ་དྲོ་ཁོ་ནར་ཚན་པ་70ལྷག་ཙམ་ལ་བསྐུར་བ་རེད།

    བོད་ལྗོངས་སློབ་ཆེན་དུ་ཡོད་པའི་སྒྲོན་ལགས་ཆུ་བེད་ཆུ་གློག་ལས་གྲྭའི་ཆེད་ལས་སྦྱོང་གི་ཡོད་པ་དང་སློབ་གྲྭར་སྡོད་རིང་ཁོང་གི་སྦྱངས་འབྲས་ཕུལ་དུ་བྱུང་བ་ཞིག་ཡོད་པས་ཆེད་ལས་དང་འཚམ་པའི་ལས་ཀ་ཞིག་འཚོལ་ཐུབ་པ་བྱ་རྒྱུ་ནི་ཁོང་གི་བསམ་འདུན་རེད།

    ལོ་རྒྱུས་མདོར་བསྡུས་བསྐུར་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར་སྒྲོན་ལགས་ལ་ཚན་པ་ལྔའི་བརྡ་ལན་འབྱོར་བ་རེད། དྲ་བའི་ངོ་རྒྱུགས་ལེགས་གྲུབ་ཟིན་ནས་བསམ་བློ་ཞིབ་པར་བཏང་རྗེས་ཟླ་3ཚེས་25ཉིན་སྒྲོན་ལགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྲི་ཇུས་འགོད་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི་བདམས་པ་རེད།

    མིག་སྔའི་བར་བོད་ཀྱི་སློབ་ཆེན་སློབ་མའི་དྲ་ཐོག་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་གཉིས་གཉེར་ཞིང་། ཐེངས་དང་པོར་ཆེད་དོན་དྲ་ཐོག་ལས་མི་བསྡུ་བར་ཐོ་འགོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མ་19204ཟིན་པ་དང་། ལོ་རྒྱུས་མདོར་བསྡུས་15053བསྐུར་བ། གྲོས་མཐུན་རགས་ཙམ་བྱུང་མཁན་1167ཟིན་ཡོད། ཐེངས་གཉིས་པར་སྡོད་ཁང་འཛུགས་སྐྲུན་དང་། ཡུལ་སྐོར། ཚོང་དོན་བཅས་ཁྱབ་ཁོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་དྲ་ཐོག་གི་ལས་མི་བསྡུ་བའི་འདུ་ཚོགས་ནང་གྲོས་མཐུན་རགས་ཙམ་བྱུང་མཁན་104ཡོད་པ་རེད།

    དྲ་ཐོག་ལས་མི་བསྡུ་བའི་བྱེད་སྒོ་བརྒྱུད། སྒྲོན་ལགས་ཀྱི་འཛིན་གྲྭའི་ནང་ནས་སློབ་མ་20ལྷག་ཙམ་ལ་ལས་ཀ་རག་པས་སློབ་མ་ཁག་གཅིག་གཞི་ནས་སེམས་ལྷོད་ལ་བབས་སོང་ཞེས་བཤད་པ་རེད།

    སྒྲོན་ལགས་ལ་ཧ་ཅང་བརྩེ་བའི་ཨ་མ་བུ་ཁྲིད་ཀྱིས་བུ་མོར་ལས་ཀ་རག་པ་མཐོང་སྐབས་དགའ་ཚོར་ཆེན་པོས“བུ་མོ་ཆུང་དུས་ནས་གྱོང་པོ་ཡོད། ང་ཚོའི་ཁྱིམ་གྱི་སྤོབས་པ་ཡིན། ད་ལྟ་ལས་ཀ་ཡག་པོ་དེ་འདྲ་རག་པས་གྲོང་ཚོའི་ནང་གི་མི་ཚང་མས་ཡིད་སྨོན་བྱེད་ཀྱི་རེད”ཅེས་བཤད།

    སྒྲོན་ལགས་ཀྱི་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་གཞིས་ཆེན་གྲོང་ཚོར་ཡོད་པ་དང་ཕ་མ་གཉིས་ཀ་ཞིང་པ་ཡིན་པས་ས་ཞིང་མུའུ་30བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། སྒྲོན་ལགས་ནི་ཁྱིམ་ཚང་དེའི་སློབ་ཆེན་སློབ་མ་འབའ་ཞིག་དེ་ཡིན་པ་མ་ཟད། ཁོང་ཚོའི་རེ་བ་བཅོལ་སའང་རེད།

    ད་ཆ་སྒྲོན་ལགས་ལ་ལས་ཀ་རགས་པས་ཁོང་ཚོའི་ཁྱིམ་ཚང་ལ་འགྱུར་ལྡོག་འགྲོ་ངེས་ཡིན་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཙེ་ཧའོ།)

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001390472261