བོད་ལྗོངས།
བོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་ཞུགས་ལས་གནས་ཁྲི་6.3བསྡུ་ལེན་བྱས་པ།

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་2020ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་ཆེད། མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་ཞུགས་ལས་གནས་ཁྲི་6.3བསྡུ་ལེན་བྱས་པར་བརྟེན་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལས་གནས་བསྡུ་ལེན་ཐུབ་པ་བྱུང་བ་མ་ཟད། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་བསྡུ་ལེན་བྱས་པའི་ལས་གནས་ཁྲོད་རིགས་ཁག་གི་ཁེ་ལས་ཀྱི་ལས་གནས་དང་། གཞུང་ཞབས་པའི་ལས་གནས། གཞི་རིམ་ཉོ་སྒྲུབ་ཞབས་ཞུའི་ལས་གནས། སློབ་རྒྱུས་མཐོར་གཏོང་གི་ལས་གནས། དམག་ཞུགས་ལས་གནས། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ལས་གནས། ནུབ་རྒྱུད་དང་བླངས་པའི་འཆར་གཞི་སོགས་ཡོད་པ་དེ་དག་གིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཐབས་ལམ་མང་བའི་ལས་ཞུགས་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད།

    དེ་དང་དུས་མཚུངས། བོད་ཀྱིས་དྲ་ཐོག་ནས་ལས་མི་བསྡུ་བའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ལས་མི་བསྡུ་བའི་སྟེགས་བུའི་ནུས་པ་བསྒྱུར་བཀོད་རིམ་སྤོར་བྱས་ཏེ། བོད་ཀྱི་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བའི་ཐོག་མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ལེགས་ལས་གནས་ཀྱི་གདན་ཞུའི་ལས་སྟེགས་བཏོད་ཅིང་། འདི་ལོའི་ཟླ་5པ་བར། ལས་སྟེགས་དེར་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1.99ཡིས་ཐོ་འགོད་བྱས་ཡོད་པ་དང་། རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཁྲི་9.13བསྐུར་བ། ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་413.75ཟིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་གྲངས་གཞི་ལས་མངོན་པར། 2020ལོར་བོད་ཀྱི་ལོ་འདིར་ཐོན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་2.8ཡོད་པ་དེ་2019ལོ་ལས་19.9%མང་དུ་ཕྱིན་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱ་ཆེད། བོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བཏོན་སྟེ། འཚོ་བའི་ཁ་གསབ་དང་། སྡོད་ཁང་གི་ཁ་གསབ། ལས་ཀ་འཚོལ་བའི་ཁ་གསབ། སྤྱི་ཚོགས་འགན་སྲུང་གི་ཁ་གསབ། འཁོར་རྒྱུག་མ་དངུལ་སོགས་ཐད་ནས་སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་བརྒྱབ་པར་བརྟེན་ཅུང་འཐུས་སྒོ་ཚང་བའི་སྲིད་ཇུས་ཀྱི་འགན་ལེན་མ་ལག་གྲུབ་པ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་སྣ་མང་ཅན་གྱི་ལས་ཞུགས་རྣམ་པ་ཡང་གྲུབ་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391574541