བོད་ལྗོངས།
བོད་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་གཞི་རྩའི་སྒྲོམ་གཞི་རགས་ཙམ་གྲུབ་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། མིག་སྔར་བོད་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་གཞི་རྩའི་སྒྲོམ་གཞི་རགས་ཙམ་གྲུབ་པ་དང་། དེའི་ཁྲོད་སློབ་ཞུགས་གོང་གི་སློབ་གསོ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ཚུད་ཡོད་ཅིང་། འདི་ལོའི་ལོ་མཇུག་སྐབས་ལྗོངས་ཡོངས་ཀྱི་སློབ་གྲྭའི་དྲ་ཆེན་དྲ་རྒྱ་ཤར་གཏོང་ཐུབ་ཚད་100%ཟིན་ཐུབ་པ་དང་། སྤེལ་རེས་རྣམ་པའི་སྣེ་མང་སྨྱན་སྦྱོར་གྱི་སློབ་ཁྲིད་མཐའ་སྣེ་ཁྱབ་ཚད་100%ཟིན་ཐུབ་པ། འཛིན་གྲྭའི་ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཁོར་ཡུག་ཁྱབ་ཚད་100%ཟིན་ཐུབ་པ། དྲ་རྒྱའི་སློབ་སྦྱོང་གི་བར་མཐོངས་ཤར་གཏོང་ཐུབ་ཚད་80%ཟིན་ཐུབ་ཀྱི་ཡོད།

    བོད་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་ལས་དོན་ནི་བོད་ལྗོངས་སློབ་གསོ་ཇོ་རིའི་དར་སྤྲིན་ལས་སྟེགས་ལ་བརྟེན་པ་དང་2019ལོའི་ཟླ་4པར་རགས་ཙམ་བསྐྲུན་ཡོད། ལས་སྟེགས་ཐོག་སློབ་གསོ་དོ་དམ་གྱི་སྤྱི་པའི་ཞབས་ཞུ་དང་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུ་གཞི་གཅིག་ཏུ་འདུས་ཡོད་པ་དང་། གཞི་གྲངས་ཕན་ཚུན་སྦྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་ཅིང་རྒྱལ་ཁབ་དང་དེ་བཞིན་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་ལེགས་ཐོན་ཁུངས་ལས་སྟེགས་སྟེང་ནང་འདྲེན་བྱེད་ཆོག་གི་ཡོད། ནང་དོན་ཁྲོད་སློབ་ཆུང་དང་དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་རིག་ཚན་ཁག་ཚུད་ཡོད། མིག་སྔར་ལས་སྟེགས་ཐོག་ཐོ་བཀོད་ནས་སྤྱོད་མཁན་ལྗོངས་ཡོངས་ཀྱི་སློབ་གྲྭ་དང་དེ་བཞིན་སློབ་གསོ་སྲིད་འཛིན་སྒྲིག་གཞིའི་དགེ་རྒན་དང་ལས་བཟོ་ཁྲི་4.43ལ་ཁྱབ་ཡོད།

    བོད་རང་སྐྱོང་ལྗོངས་གློག་སྤྱད་སློབ་གསོ་ཁང་གི་ཀོན་ཀྲང་ཀྲུའུ་ཧྲེང་ཀའོ་ཡིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། བོད་ལྗོངས་སློབ་གསོ་ཇོ་རིའི་དར་སྤྲིན་ལས་སྟེགས་ཀྱིས་ལྗོངས་ཡོངས་ཀྱི་སློབ་གྲྭར་རྒྱལ་ཁབ་ཀྱི་སློབ་གསོའི་སྤྲིན་ཚོགས་ལས་སྟེགས་དང་བྱང་ཚད་སློབ་གསོའི་དྲ་བ། མི་སློབ་སྤྲིན་ཚོགས་སློབ་ཁང་སོགས་ཤར་གཏོང་བྱས་པ་དང་། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་འདོན་བྱས་ནས་དྲ་ཐོག་སློབ་ཁྲིད་རྒྱུན་གཏན་ལྟར་སྤེལ་རྒྱུར་འགན་ལེན་བྱས་ཡོད་ཅེས་གསལ་སྟོན་བྱས།

    2019ལོའི་ལོ་མཇུག་བར། བོད་ཀྱི་སློབ་གྲྭ་འབྲིང་ཆུང་དུ་སྣེ་མང་སྨྱན་སྦྱོར་གྱི་སློབ་ཁང་9484བསྐྲུན་པ་དང་ཁྱབ་ཚད་73%ཟིན་པ། རྩིས་རྒྱག་འཕྲུལ་འཁོར་གྱི་སློབ་ཁང་789བསྐྲུན་པ་དང་ཁྱབ་ཚད་84%ཟིན་པ། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་རྩིས་རྒྱག་འཕྲུལ་འཁོར་ལྡན་ཚད་བརྒྱ་ཆ་100ཟིན་པ་དང་། སློབ་མ་བརྒྱ་རེར་དབང་བའི་ཆ་འཕྲིན་ཅན་གྱི་མཐའ་སྣེའི་གྲངས་འབོར་8.22ཟིན་པས་རྒྱལ་ཡོངས་སུ་ཆུ་ཚད་འབྲིང་གྲས་སུ་སླེབས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392314181