བོད་ལྗོངས།
མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ།

    —— འདི་ལོའི་ལོ་སྟོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

    འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། “དོན་འཁྱོལ་ལོ”དམ་འཛིན་བྱས་ནས། ཁ་ཕྱོགས་སྟངས་འཛིན་དང་། དོ་དམ་ལ་དམ་འཛིན། སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལས་དོན་ཏན་ཏིག་བསྒྲུབས་པ་དང་སྤུས་ལེགས་ཀྱི་ཞབས་འདེགས་ལ་བརྟེན་ནས་མི་དམངས་མང་ཚོགས་བློ་ཡིད་ཚིམ་པ་བྱས་པ་རེད།

    ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་འཁྲབ་སྟོན་བྱས་པའི་འགྲིམ་འགྲུལ་བཀོད་འདོམས་ཀྱི་ལག་བརྡའི་ལུས་རྩལ་ལ་ཁྱིམ་བདག་ཚོའི་དགའ་བསུ་ཐོབ་ཡོད། “ལོ་དེ་དག་ནང་བུ་བཅོལ་ཁང་གི་མཁྲེགས་ཆས་དང་མཉེན་ཆས་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་སོང་། འདི་ནི་ཏང་དང་སྲིད་གཞུང་གིས་མཐོང་ཆེན་གནང་བ་དང་སློབ་གསོའི་ལས་དོན་པས་དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་བསྒྲུབས་པའི་གྲུབ་འབྲས་ཤིག་རེད། ང་ཚོ་བློ་ཡིད་ཚིམ་པོ་འདུག”ཅེས་སློབ་མའི་ཁྱིམ་བདག་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོས་བཤད།

    “ད་ལྟ་སློབ་གསོའི་གཙོ་གཉེར་དོ་དམ་དང་སློབ་མའི་ཁྱིམ་བདག་གིས་སློབ་གསོར་བཏོན་པའི་རེ་བ་ཧ་ཅང་མཐོ་བས། སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ང་ཚོས་ལས་ཀ་ཧུར་ཐག་བྱས་ཚེ། སློབ་མའི་ཁྱིམ་བདག་གི་རེ་བ་གཞི་ནས་སྐོང་ཐུབ”ཅེས་བུ་བཅོལ་ཁང་གི་དགེ་རྒན་ཆོས་ཉིད་ཀྱིས་གསར་འགོད་པར་བརྗོད།

    འདི་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། “འཕྲིན་ལན་སློབ་སྦྱོང་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བ། རིམས་འགོག་ལ་སྣང་ཆེན། མེས་རྒྱལ་ལ་བསྟོད་གླུ་འབུལ་བ”སོགས་བརྗོད་དོན་གཙོ་བོར་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་སློབ་གྲྭའི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་འབྲེལ། སློབ་མའི“གདེང་ཚོད་བཞི”དང“མོས་སེམས་ལྔ”ཟབ་ཏུ་བཏང་བ་རེད།

    སློབ་མཚམས་མི་ཆད་པའི་བྱེད་ཐབས་ལག་ལེན་བསྟར་ནས་སློབ་མ་གཅིག་ཀྱང་མི་ཉུང་བ་བྱས་པ།

    “དཀའ་ཚེགས་ཇི་ལྟར་ཆེ་ཡང་ཕྲུ་གུ་སློབ་གྲྭར་སྐྱོད་ཐུབ་པ་བྱེད་དགོས”སློབ་གསོའི་ལས་དོན་པས་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད། སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་གྱི་ལྷ་མོས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུའི་སེམས་ཐག་བཅད། ཁོང་གིས“ང་ལ་ཤེས་བྱ་ཡོན་ཏན་མེད་པས་དཀའ་ངལ་མང་པོ་འཕྲད་མྱོང་། ཕྲུ་གུ་ང་ནང་བཞིན་ཆགས་ན་ག་ལ་འགྲིག”ཅེས་བརྗོད།

    འདི་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ་མ་ཟད། 《སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་སྐྱོད་ཚད་འགན་ལེན་བྱེད་པའི་དམིགས་ཚད་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》བཟོས་པ་དང་། 《གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སློབ་གྲྭར་འབྱོར་བའི་གཟའ་འཁོར་རེའི་སྙན་ཞུའི་ལམ་ལུགས་དང་ཟླ་རེའི་བརྡ་ཁྱབ་ལམ་ལུགས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་འབྲེལ། རྫོང་(ཆུས)ཚན་པར་བྱས་ནས་ལོ་0ནས་15བར་བྱིས་པའི་མི་འབོར་ཆ་འཕྲིན་མཛོད་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། རྫོང་(ཆུས)12ལ་ཆེད་དོན་ཚོགས་ཆུང་མངགས་ནས་དོན་འཁྱོལ་བྱས་ཚུལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་སློབ་མཚམས་ཆད་པའི་སློབ་མ་146ལ་རེ་རེ་བཞིན་གྲལ་བཤེར་བྱས་ནས་སློབ་གྲྭར་སྐྱོད་ཐུབ་པ་བྱས་པ་རེད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་སྒོ་རྩར་སྐྱེལ་བའི་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་པ་དང་། དབང་པོ་སྐྱོན་ཅན་གྱི་བྱིས་པར་མཐིལ་རྟོགས་བརྟག་ཞིབ་བྱས་ཏེ་ཕྱོགས་ཡོངས་ནས་དཔྱད་དཔོག་གསལ་འབྱེད་བྱས་ཤིང་། 《ལྷོ་ཁ་གྲོང་ཁྱེར་གྱིས་སྒོ་རྩར་སློབ་ཁྲིད་བྱེད་པའི་ལག་བསྟར་ཇུས་གཞི》བཟོས་པ་དང་། སྒོ་རྩར་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱི་རྩལ་ནུས་གསོ་སྦྱོང་ཚོགས་འདུ་འཚོགས་ནས་སློབ་མ་163ལ“མི་རེར་ཡིག་ཚགས་རེ”དང“མི་རེར་བྱེད་ཐབས་རེ”ཡི་ལམ་ལུགས་བཙུགས་པ་རེད། སློབ་གསོ་སྒོ་རྩར་སྐྱེལ་བའི་རྩིས་ཐོ་འཐུས་སྒོ་ཚང་དུ་བཏང་བ་དང་། འཕྲོད་བསྟེན་བདེ་ཐང་དང་དམངས་སྲིད་སོགས་སྡེ་ཚན་དང་མཉམ་དུ“སྲིད་ཇུས་དྲིལ་བསྒྲགས་དང་། བདེ་ཐང་སླར་གསོ། དྲོ་སྐྱིད་སྦྱིན་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་སྒོ་རྩར་སློབ་ཁྲིད་བྱེད་པའི་བྱེད་ཐབས་ཕྱོགས་ཡོངས་སུ་ཁྱབ་པ་བྱས་པ་རེད།

    དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་ལེགས་གཏོང་ལ་དམ་འཛིན་ནན་པོ་བྱས་པ།

    འདི་ལོའི་ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་ཁྲིད་ཀྱི་རྒྱུན་གཏན་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་དུ“གཟའ་འཁོར་ཆེན་པོའི་ལམ་ལུགས”ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། “གཟའ་འཁོར་ཆུང་བའི་ལམ་ལུགས”ཕྱོགས་ཡོངས་ནས་ལག་ལེན་བསྟར་ཞིང་། བུ་བཅོལ་ཁང་ལ་རིགས་དབྱེ་ནས་རིམ་པ་གཏན་འཁེལ་གྱིས་དཔྱད་དཔོག་བྱས་པ་དང་། འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཀྱི་མཐིལ་རྟོགས་བརྟག་དཔྱད་ལས་དོན་སྤེལ་བ། ཤིན་ཏུ་དབུལ་བའི་རྫོང་གི་སློབ་གྲྭ་འབྲིང་ཆུང་ལ་སློབ་ཁྲིད་གཤམ་སྤེལ། སློབ་ཁྲིད་འགྲན་བསྡུར་བསྐྱར་བསྡུར། བོད་སྐྱོར་དགེ་རྒན་གྱི་དཔེ་སྟོན་སློབ་ཚན་ཉན་པ་དང་དཔྱད་མོལ་སློབ་ཚན་ལ་མཛུབ་ཁྲིད། མཐོ་སློབ་སློབ་ཐོན་སློབ་མས་བསྐྱར་སྦྱོང་རྒྱུགས་སྤྲོད་གྲ་སྒྲིག་གི་ཆེད་དོན་བརྟག་ཞིབ་དང་སློབ་གྲྭའི་མནའ་འབྲེལ་ཆེད་དོན་མཉམ་འབྲེལ་སློབ་དཔྱོད་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    དེ་དང་ཆབས་ཅིག སློབ་ཁྲིད་ཚད་ལྡན་ཅན་གྱི་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཤིང་། ཉམས་ཞན་རིག་ཚན་འགག་སྒྲོལ་བྱེད་པའི་བྱ་སྤྱོད་ལག་ལེན་བསྟར་བ་དང་། རྩིས་དངོས་རྫས་གསུམ་སོགས་ཉམས་ཞན་རིག་ཚན་མཐོར་གཏོང་གི་ཇུས་གཞི་བཟོས་པ། ཉམས་ཞན་རིག་ཚན་གྱི་དགེ་རྒན་གྱི“སློབ་ཚན་གཅིག་མཚུངས་དང་གྲུབ་ཆ་མི་འདྲ་བའི”སློབ་ཁྲིད་ཀྱི་རྩལ་ནུས་འགྲན་བསྡུར་ལག་ལེན་བསྟར་བ། “100%རེ་5ཡི”གྲུབ་འབྲས་ལ་ཕྱིར་མིག་ལྟ་བའི་ལས་དོན་སྒྲིག་འཛུགས་བྱས་པ། མཐོ་རིམ་སློབ་འབྲིང་གི་སློབ་གྲྭ་ལྔའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཙུགས་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་རིམ་པའི་ཞིབ་འཇུག་བྱ་གཞིའི་གནད་དོན་ལ་ཞིབ་དཔྱད། སློབ་ཁྲིད་སྤུས་ཚད་ཐད་ཀྱི་ཞན་ཆ་ཧུར་ཐག་སེལ་བ་བཅས་བྱས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་བཏང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392898611