བོད་ལྗོངས།
བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་བཙུགས་པ།
     2020-09-08

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་7ཉིན་བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་ལྷ་སར་བཙུགས་ཡོད། མཐུན་ཚོགས་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་གློག་རྡུལ་རྩལ་འགྲན་ལུས་རྩལ་ལ་དགའ་པོ་བྱེད་མཁན་དང་དེ་བཞིན་འབྲེལ་ཡོད་ཁེ་ལས། བྱ་གཞག་ཚན་པ་བཅས་ལས་གྲུབ་པའི་རིག་གཞུང་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ས་གནས་ཀྱི་ཁེ་གཉེར་རང་བཞིན་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན།

    ཚོགས་ཆེན་ཐོག《བོད་རང་སྐྱོང་ལྗོངས་ཀྱི་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་ཀྱི་སྒྲིག་ཡིག》གྲོས་འཆམ་བྱུང་བ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་ཞིང་། བོད་ལྗོངས་མཉམ་ཤུགས་མཉམ་གཏོད་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ལིའུ་ཞའོ་ལུང་གིས་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་ཡོད།

    ཉེ་བའི་ལོ་ཤས་རིང་། ཚན་རིག་ལག་རྩལ་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གློག་རྡུལ་རྩལ་འགྲན་ལ་ན་གཞོན་ཚོས་དགའ་པོ་བྱེད་ཀྱི་ཡོད། ལིའུ་ཞའོ་ལུང་གིས་ཚོགས་འདུའི་ཐོག སླད་ཕྱིན་མཐུན་ཚོགས་ཀྱིས་གློག་རྡུལ་རྩལ་འགྲན་རྣམ་གྲངས་ཀྱི་དོ་དམ་ལམ་སྲོལ་ནུས་ལྡན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འགྲན་བསྡུར་གྱི་སྒྲིག་འཛུགས་ཚད་ལྡན་དུ་གཏོང་རྒྱུ་དང་། དྲ་རྒྱའི་རོལ་རྩེད་ཚུད་པའི་གློག་རྡུལ་རྩལ་འགྲན་ལུས་རྩལ་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་ཚོགས་སྤྱིའི་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་མ་ཟད་གཞོན་ནུ་ལོ་ཆུང་ཚོས་སྐྱོན་བྲལ་ངང་གློག་རྡུལ་རྩལ་འགྲན་ལུས་རྩལ་ཁྲོད་ཞུགས་པར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསལ་སྟོན་བྱས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393524931