བོད་ལྗོངས།
“ཀྲུང་གོའི་མཁའ་སྐྱོད་ཕུགས་འདུན”གྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་ལྷ་སར་སྤེལ་བ།

    ཟླ་9ཚེས་4ཉིན། སློབ་མ་ཚོས་མི་མེད་གནམ་གྲུའི་རུ་དཔུང་གི་འཕུར་སྐྱོད་འཁྲབ་སྟོན་ལ་ལྟ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི“ཀྲུང་གོའི་མཁའ་སྐྱོད་ཕུགས་འདུན”གྱི་ཚན་རིག་ཁྱབ་གདལ་ཤེས་བྱ་ཀྲུང་གོའི་ས་གཞིར་ཁྱབ་གདལ་གཏོང་བའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མ་100ལྷག་ཙམ་མཁའ་སྐྱོད་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོར་ཞུགས་པ་དང་། “ཀྲུང་གོའི་མཁའ་སྐྱོད་ཕུགས་འདུན་དང་བླངས་ཚོགས་པའི”དགེ་རྒན་གྱིས་སློབ་མ་ཚོར་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་མཁའ་སྐྱོད་ཤེས་བྱ་ཁྱབ་གདལ་གྱི་སློབ་ཚན་ཞིག་ཁྲིད་པ་རེད།

    ཟླ་9ཚེས་4ཉིན། སློབ་མ་ཚོས་འདྲ་བཟོའི་འཕུར་སྐྱོད་ཉམས་ལེན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    བྱེད་སྒོ་སྤེལ་ཡུལ་དུ། དགེ་རྒན་ཚོས་དེ་ཁུལ་དུ་མཉམ་འགུལ་དང་། མི་མེད་གནམ་གྲུ་འཕུར་སྐྱོད། PPTསློབ་ཁྲིད། གནམ་གྲུ་གཏོང་སྟངས་ལད་མོ་སོགས་ཀྱི་བྱ་ཐབས་བརྒྱུད། སློབ་མ་ཚོར་གནམ་གྲུ་བཟོ་སྟངས་དང་། འཕུར་སྐྱོད་ཀྱི་རྩ་བའི་རིག་པ། མཁའ་སྐྱོད་འཕེལ་རྒྱས་ལོ་རྒྱུས་སོགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས་པ་དང་སྦྲགས། སློབ་མའི་སྣེ་ཁྲིད་དེ《མཁའ་སྐྱོད་དང་རྒྱལ་ཁབ་ཀྱི་དྲིན་གཟོ་བ》ཞེས་པའི་བརྙན་ལམ་བལྟས་པ་རེད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་བྱམས་པ་ཚེ་རིང་གིས“ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ངས་གནམ་གྲུ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤེས་སོང་། དགེ་རྒན་ཚོས་ང་ཚོར‘ཤོག་བུའི་གནམ་གྲུ་ཆེན་པོ’གང་འདྲ་བཟོ་དགོས་པ་བསླབས་བྱུང་བས། དེ་རིང་དངོས་གནས་དགའ་པོ་བྱུང”ཞེས་བརྗོད་པ་རེད།

    ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དཔལ་སྒྲོན་གྱིས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། མཁའ་སྐྱོད་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སློབ་མ་ཚོའི་མཁའ་སྐྱོད་ཀྱི་སྤྲོ་སྣང་འཕེལ་བར་བྱས་ནས། ཕྲུ་གུ་ཚོའི་སེམས་སུ“མཁའ་སྐྱོད་ཕུགས་འདུན”ཡོད་པ་བྱས་ཏེ་ཚན་རིག་ལ་དགའ་ཞེན་བྱེད་པའི་སྤྲོ་སྣང་འཕེལ་བར་བྱེད་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།

    ཟླ་9ཚེས་4ཉིན། མཁའ་འགྲུལ་ཤེས་བྱ་ཁྱབ་གདལ་གྱི་སློབ་ཚན་ནང་ཞུགས་པའི་སློབ་ཕྲུག་དང་ལས་དོན་མི་སྣས་མཉམ་དུ་ཤོག་བུའི་གནམ་གྲུ་གློད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཤེས་རྟོགས་བྱུང་གསལ། ད་ཐེངས་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི“ཀྲུང་གོའི་མཁའ་སྐྱོད་ཕུགས་འདུན”གྱི་ཚན་རིག་ཤེས་བྱ་ཀྲུང་གོའི་ས་གཞི་ཆེ་མོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་ནི་པེ་ཅིང་གྲོང་ཁྱེར་གྱི་འཕུར་སྐྱོད་པའི་མཁའ་སྐྱོད་སྐུལ་འདེད་ལྟེ་གནས་སོགས་ཚན་པས་མཉམ་འབྲེལ་ཐོག་གྲོས་འགོ་བཏོན་པ་ཞིག་ཡིན་པ་དང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་བཏོད་པའི“དམངས་སྤྱོད་མཁའ་འགྲུལ་དང་། ཚན་རིག་ཁྱབ་གདལ། ཉམས་ལེན་བཅས་ཟུང་དུ་འབྲེལ་བའི”ཁྱད་ལྡན་སྤུས་རྟགས་ཀྱི་བྱེད་སྒོ་ཞིག་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393663961