བོད་ལྗོངས།
སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་གྱི་བསམ་གཞིག་ཐོར་བུ།

    རྩོམ་རིག་ནི་ངག་གི་རིག་བྱེད་དང་འབྲེལ་བའི་སྒྱུ་རྩལ་གྱི་རྣམ་གྲངས་ཤིག་ཡིན་ལ། རྣམ་གྲངས་འདི་ཉིད་མཁས་པའི་དཔང་རྟགས་དང་། མཛངས་པའི་ལག་རྗེས་ཤིག་ཀྱང་རེད། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཉིད་དུ་བགྲང་ཞིང་། དེ་དག་གི་ནང་ནས་ཀྱང་རྩོམ་པ་ནི། མཁས་པའི་བྱ་བ་ཀུན་གྱི་ནང་ནས་ཆེས་གལ་ཆེའི་རང་བཞིན་ལྡན་པ་ཞིག་ཡིན་པས་ན། འདིར་རྩོམ་ལ་ཐོག་མར་འཇུག་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་དང་སློབ་མ་རྣམས་རྩོམ་ལ་ཐོག་མར་འདྲེན་མཁན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ལ་ཕན་པ་ཏོག་ཙམ་བྱུང་ན་སྙམ་ནས། རང་ཉིད་ཀྱི་ལོ་མང་གི་སློབ་ཁྲིད་མྱོང་བ་དངོས་ལ་བརྟེན་ནས་བོད་སྐད་ཡིག་གི་རྩོམ་འབྲིའི་ནུས་པ་གོང་མཐོར་ཇི་ལྟར་གཏོང་བའི་ཐད་ལ་ལྟ་ཚུལ་འགའ་གླེང་བར་བྱའོ།

    དང་པོ། རྩོམ་ཡིག་ལ་ཐོག་མར་འཇུག་སྐབས་སློབ་མའི་སྐད་ཆ་ཤོད་པའི་ནུས་རྩལ་གོང་མཐོར་གཏོང་དགོས།

    དེ་ཡང་ཁྱིམ་བདག་གི་ངོས་ནས་བཤད་ན། ཁྱིམ་ཚང་གི་སློབ་གསོ་ནི་བུ་ཕྲུག་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་ཆེས་ཐོག་མ་དང་གཞི་རྩའི་སློབ་གསོ་ཞིག་རེད། དེས་ན། ཁྱིམ་བདག་ཚོས་དུས་རྒྱུན་དུ་བུ་ཕྲུག་དང་གཏམ་གླེང་བྱེད་སྐབས་གལ་ཏེ་ཕྲུ་གུས་ཐ་སྙད་ཀྱི་གོ་དོན་ཧ་མ་གོ་བ་དང་ཡང་ན་སྐད་ཆ་དུམ་བུ་ཅིག་ཤོད་སྟངས་མི་ཤེས་པ་ན། ཁྱིམ་བདག་གིས་འདི་ལྟར་ཤོད་དགོས་ཞེས་དུས་ཐོག་ཏུ་མཛུབ་སྟོན་དང་སྦྱོང་བརྡར་སྤྲོད་དགོས། དགེ་རྒན་གྱི་ངོས་ནས་བརྗོད་ན། སློབ་ཁང་དུ་སློབ་ཁྲིད་བྱེད་པའི་སྐར་མ་བཞི་བཅུ་དེ་ལེགས་པར་སྤྱད་ནས། སློབ་མའི་སྐད་ཆ་ཤོད་པའི་ནུས་རྩལ་གོང་མཐོར་གཏོང་དགོས་ཤིང་། དེ་ཡང་ཀློག་གི་ནུས་པ་ནི་རྨང་གཞིའམ་འགག་རྩ་ཡིན་པའི་དབང་གིས་དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས། ཐོག་མར་ཀློག་ལ་དོ་སྣང་དང་སྣང་ཆེན་བྱས་ནས་ཀློག་གི་སྦྱོང་བརྡར་མང་ཙམ་སྤྲོད་དགོས། དེ་རྗེས་སློབ་ཚན་གྱི་ནང་དོན་དང་འབྲེལ་ཏེ་དྲི་བ་ཧ་ཅང་སླ་བ་ནས་རིམ་བཞིན་ཅུང་ཟད་ཁག་པ་དྲིས་ཏེ་སློབ་ཚན་གྱི་ནང་དོན་དང་འབྲེལ་ནས་སློབ་མར་ལན་མང་ཙམ་རྒྱག་ཏུ་འཇུག་དགོས།

    གཉིས་པ། སློབ་མའི་ཕྱོགས་ཡོངས་ལ་དམིགས་ནས་སྦྱོང་བརྡར་སྤྲོད་དགོས།

    དེ་ཡང་སློབ་མར་ཀློག་གི་སྦྱོང་བརྡར་སྤྲོད་རྒྱུ་ནི་ཤིན་ཏུ་གལ་ཆེ་མོད། འོན་ཀྱང་བཀླག་བྱའི་ནང་དོན་ནི་ཡིག་ཚད་དུ་ཐོན་ཆེ་བའི་དྲི་བ་དྲིས་ལན་དང་མངོན་བརྗོད། ལྡོག་ཟླ། དོན་འདྲ་བ་ཁོ་ནར་བཟུང་ན་མི་འགྲིག དེ་ལྟར་བྱས་ན་མ་གཞི་སྐར་གྲངས་མཐོ་ཙམ་རག་ཀྱང་སློབ་མའི་བསམ་གཞིག་གི་ནུས་པ་སོགས་ནི་རིམ་བཞིན་ཉམས་འགྲོ་བས། ཕུགས་ནས་བལྟས་ན། སློབ་མར་སྐད་ཡིག་གི་རྨང་གཞི་ལེགས་པོ་ཞིག་འདིང་རྒྱུ་ནི་ཅུང་དཀའ་བ་ཞིག་རེད་སྙམ། ཡང་གཅིག་བཤད་ན། ཡིག་ཚད་ནང་ལྟ་ཀློག་དབྱེ་ཞིབ་དང་རྩོམ་ཡིག་གི་སྐར་གྲངས་ཀྱི་བཟུང་ཚད་རིམ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པས། སློབ་མར་སློབ་ཚན་མང་ཙམ་ཀློག་འཇུག་པ་དང་ཆབས་ཅིག སློབ་ཚན་གྱི་ནང་དོན་ལ་གོ་བ་ལོན་ཐུབ་པ་དང་། དེ་ནས་རིམ་བཞིན་སློབ་ཚན་ནང་གི་ཚིག་དང་བརྗོད་པ་དག་རང་ཉིད་ཀྱི་རྩོམ་ཡིག་ནང་སྤྱོད་ཐུབ་པ་བྱེད་དགོས། མ་གཞི་དེ་ནི་སློབ་དུས་གཅིག་དང་གཉིས་ནང་སྒྲུབ་ཐུབ་པ་ཞིག་མིན་མོད། འོན་ཀྱང་རྒྱུན་འཁྱོངས་བྱས་ན། ལོ་གསུམ་མམ་བཞི་ནས་འབྲས་བུ་ཐོན་ངེས་རེད་ལ་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ལེགས་པར་ཞུ་ཐུབ་བོ།

    གསུམ་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྦྱོང་བརྡར་སྤྲོད་དགོས།

    སྤྱིར་ཡིག་ཚད་གཏོང་སྐབས་རྩོམ་ཡིག་ལ་དུམ་མཚམས་ངེས་ཅན་ཞིག་དབྱེ་དགོས་པའི་རེ་བ་འདོན་གྱི་ཡོད་ལ། དེས་སྐར་གྲངས་ཀྱང་མི་ཉུང་བ་ཞིག་བཟུང་བཞིན་ཡོད། དེས་ན་སློབ་མས་རང་ཉིད་ཀྱི་བརྗོད་འདོད་པའི་སྐད་ཆ་དག་ཡིག་ཐོག་ཏུ་རགས་ཙམ་ཕབ་ཐུབ་རྗེས། སློབ་མར་ཁམས་གཙང་མ་དང་དུམ་མཚམས་ཁ་གསལ་པོ་འབྱེད་དགོས་པའི་རེ་བ་འདོན་པ་དང་སྦྲགས་སྦྱོང་བརྡར་སྤྲོད་དགོས། སྤྱིར་དུམ་བུ་གསུམ་ནས་དྲུག་བར་དབྱེ་ན་ཅུང་འཚམ་པར་མཐོང་། ད་འོ་ན། བྲི་བྱའི་རྩོམ་གྱི་དུམ་མཚམས་དག་ཚུལ་ཇི་ལྟ་བུའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་ཤེ་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མར་དུམ་མཚམས་དང་པོར་བྲི་བྱའི་ནང་དོན་ལ་སྡོམ་ཚིག་འགོད་དུ་འཇུག་དགོས་པ་དང་། དུམ་མཚམས་མཇུག་ཤོས་སུ་རང་ཉིད་ཀྱིས་དུས་ད་ལྟ་ནས་འགོ་བཙུགས་ཏེ་ཇི་ལྟར་བྱས་ནས་ཇི་ལྟ་བུ་ཞིག་ཆགས་པ་བྱེད་རྩིས་ཡོད་པ་དེ་བྲི་བྱའི་ནང་དོན་དང་ཟུང་འབྲེལ་གྱིས་ཆོད་སེམས་སམ་ཕུགས་བསམ་གྱི་སྐོར་འབྲི་བའི་ལམ་ནས་མཇུག་བསྡུ་རུ་འཇུག་དགོས་པ། དཀྱིལ་གྱི་དུམ་བུ་ཁག་གནད་དོན་ནམ་བྱ་བ་ཞིག་དཔེར་བཀོད་ནས་འབྲི་རུ་འཇུག་དགོས། མདོར་ན། བྲི་བྱའི་ནང་དོན་དང་འབྲེལ་བའི་སྡོམ་ཚིག(དུམ་མཚམས་དང་པོ)+བྲི་བྱའི་ནང་དོན་དང་འབྲེལ་བའི་གནད་དོན་ཞིག་དཔེར་དྲངས་ནས་བརྗོད་པ།+བྲི་བྱའི་ནང་དོན་དང་འབྲེལ་ནས་རང་ཉིད་ཀྱི་ཆོད་སེམས་སམ་ཕུགས་བསམ(དུམ་མཚམས་མཇུག་ཤོས། ངེས་པར་དུ་དྲང་ཕྱོགས་ཀྱིས་ཕྱུག་དགོས་པ)འབྲི་བ་བཅས་འདི་འདྲའི་སྤྱི་འགྲོས་ལྟ་བུ་ཞིག་གིས་ལམ་ནས་ཡང་ནས་ཡང་དུ་སྦྱོང་བརྡར་སྤྲོད་དགོས།

    བཞི་པ། བློ་སྒོ་འབྱེད་པའི་ལམ་ནས་བྲི་བྱའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས།

    སྤྱིར་ཡིག་ཚད་གཏོང་སྐབས་རྩོམ་ཡིག་ལ་ཡིག་འབྲུའི་བླང་བྱ་འདོན་གྱི་ཡོད་ལ། དེས་སྐར་གྲངས་ཀྱང་མི་ཉུང་བ་བཟུང་གི་ཡོད། དེར་བརྟེན། སློབ་མའི་བློ་སྒོ་འབྱེད་རྒྱུ་ནི་ཧ་ཅང་གལ་ཆེ། གང་ཡིན་ཟེར་ན། དེ་ལྟར་བྱས་ཙ་ན། སློབ་མར་བརྗོད་རྒྱུ་མེད་པ་དང་འབྲི་རྒྱུ་མེད་པའི་སྣང་ཚུལ་ཐོན་མི་སྲིད། དཔེར་ན། སློབ་མར་ངའི་མ་ཡུམ་སློབ་གྲྭ་ཞེས་པའི་རྩོམ་ཡིག་ཅིག་འབྲི་རུ་བཅུག་ན། ཐོག་མར་སློབ་མར་སློབ་གྲྭའི་ནང་སྐྲུན་དངོས་གང་དག་ཡོད་མེད་དང་ཆ་རྐྱེན་གང་འདྲ་ཡོད་མེད་སོགས་སྐད་ཆ་འདྲི་དགོས། དེ་ནས་བྱེ་བྲག་ཏུ་བཀར་ནས་སྐད་ཆ་འདྲི་དགོས། དཔེར་ན། སློབ་མས་རྐང་རྩེད་སྤོ་ལོའི་ཐང་ཡོད་ཅེས་ལན་རྒྱག་སྐབས། དགེ་རྒན་གྱིས་འོ་ན་རྐང་རྩེད་སྤོ་ལོའི་ཐང་ལ་ཁྱད་ཆོས་གང་འདྲ་ཡོད་མེད་སྐད་ཆ་འདྲི་དགོས། དེ་ནས་སློབ་མར་རྐང་རྩེད་སྤོ་ལོའི་ཐང་ནི་ཡངས་ཤིང་རྒྱ་ཆེ་བ་དང་། ཁོད་སྙོམས་པ། སྔོ་ཐིང་ཐིང་ཡིན་པ་སོགས་ཀྱི་ཁྱད་ཆོས་ཕྱོགས་སྡོམ་བྱེད་དུ་འཇུག་དགོས། དེ་རྗེས་ཁྱད་གཞི་དང་ཁྱད་ཆོས་མཉམ་དུ་སྦྱར་ནས(ཡངས་ཤིང་རྒྱ་ཆེ་ལ། ཁོད་སྙོམས་པའི་སྔོ་ཐིང་ཐིང་གི་རྐང་རྩེད་སྤོ་ལོའི་ཐང)སློབ་མར་ཤོད་དུ་འཇུག་དགོས་ལ་འབྲི་རུ་འཇུག་དགོས། འདི་དག་ཚར་རྗེས། དགེ་རྒན་གྱིས་མུ་མཐུད་རྐང་རྩེད་སྤོ་ལོའི་ཐང་དུ་རྣམ་ཀུན་ཁྱེད་ཚོ་ག་རེ་བྱེད་རྒྱུར་དགའ་པོ་ཡོད་མེད་སོགས་རྒྱུ་མ་ཕུ་འདེད་ཀྱི་ལམ་ནས་སློབ་མའི་བློ་སྒོ་ཕྱེ་སྟེ། རིམ་བཞིན་སློབ་མར་གོ་རིམ་ལྡན་པའི་སྒོ་ནས་མཐོང་ཐོས་མྱོང་གསུམ་ཤོད་དུ་བཅུག་པ་ཡིན་ན། རྩོམ་ཡིག་གི་བྲི་བྱའི་ནང་དོན་ཕུན་སུམ་ཚོགས་སུ་འགྱུར་ངེས་པས་ཡིག་འབྲུ་མི་འདང་བ་གང་ནས་ཡོང་སྲིད།

    ལྔ་པ། གོམ་པ་རིམ་བགྲོད་ཀྱིས་རྩོམ་པའི་ལམ་དུ་འཇུག་དགོས།

    དེ་ཡང་རྩོམ་ཡིག་གི་ལམ་དུ་ཞུགས་མ་ཐག་པའི་སློབ་མར་དོན་དངོས་དང་ཁ་འབྲལ་བའམ་ཚིག་སྐམ་པོ་ཁོ་ནས་རྒྱན་རྒྱག་ཏུ་མི་འཇུག་པར་གང་བརྗོད་པར་འདོད་པའི་གཏམ་སྲོང་པོར་འབྲི་རུ་འཇུག་དགོས་ཏེ། རང་རྒྱལ་གྱི་སློབ་གསོ་མཁས་ཅན་སྐུ་ཞབས་ཡེ་ཧྲེང་ཐའོ་ཡིས“རྩོམ་ཡིག་ནི་སྨྱུ་གུས་སྐད་ཆ་བཤད་པ་ཡིན། ཕལ་སྐད་ཀྱི་ལམ་ནས་བརྗོད་ན། རྩོམ་ཡིག་ནི་རང་གིས་བཤད་འདོད་པའི་སྐད་ཆ་དག་ཡིག་ཐོག་ཏུ་ཕབ་པ་ལ་ཟེར”ཞེས་གསུངས་པ་ལྟར་རྩོམ་ཡིག་འབྲི་སྐབས་ལམ་སེང་སྙན་ངག་དང་མངོན་བརྗོད་སོགས་སྤྱོད་དུ་མི་འཇུག་པར་ཕལ་སྐད་ཀྱིས་ལམ་ནས་རང་གི་སེམས་ནང་གི་འགྱུར་བ་དང་ངག་ནས་བརྗོད་པར་འདོད་པའི་གཏམ་དག་ཡིག་ཐོག་ཏུ་ཕབ་རྒྱུར་སྐུལ་མ་དང་བསྟོད་བསྔགས་བྱ་རྒྱུ་གལ་ཆེ་བར་མཐོང་། “རང་གིས་བཤད་འདོད་པའི་སྐད་ཆ་དག་ཡིག་ཐོག་ཏུ་ཕབ”ཤེས་རྗེས། ང་ཚོས་ད་གཟོད་གཞི་ནས་སློབ་མས་ཕྲད་དང་དག་ཆ། བརྡ་སྤྲོད་ཡང་མི་དག་པར། བརྡ་སྤྲོད་ཀྱི་གཞུང་དང་ཟུང་འབྲེལ་དང་རྩོམ་འབྲིའི་ཤེས་བྱ་དང་ཟུང་འབྲེལ་བྱས་ནས་ཡོ་བསྲང་དང་རིམ་བཞིན་སྦྱོང་བརྡར་མང་ཙམ་སྤྲད་ན། སྐད་ཡིག་གི་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ་ངེས་རེད་ལ་སྐར་གྲངས་ཀྱང་མི་དམན་པ་ཞིག་ཐུབ་ངེས་རེད་སྙམ།

    དེ་ལྟར། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་ཐབས་མདོ་ཙམ་ཞིག་གླེང་ཁུལ་བྱས་པ་དེས་སློབ་མ་ཚོར་ཅུང་ཙམ་ཕན་པར་སྙམ་པའམ་དཔྱད་གཞིའི་ཚུལ་དུ་བསྟན་པར་བྱ་བས་སྙིགས་དོར་བཅུད་ལེན་གྱིས་དཔྱད་པར་འཚལ་ལོ།

    (ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སློབ་འབྲིང་གི་པད་མ་ཚེ་བརྟན)

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394953641