བོད་ལྗོངས།
ལག་གདང་སྦྲེལ་ནས་རོགས་སྐྱོར་བྱེད། སློབ་གསོའི་ཕུགས་འདུན་མཉམ་དུ་གཏོད།

    —— ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་དམངས་བཙུགས་བུ་བཅོལ་ཁང་ལ་སློབ་ཞུགས་གོང་གི་སློབ་གསོར་ཆ་སྒྲིག་རོགས་སྐྱོར་བྱས་པ།

    སྟོན་ཟླ་བཅུ་པར་ནམ་མཁའ་དྭངས་ཤིང་མཁའ་རླུང་གཙང་། ལོ་ལེགས་ཀྱིས་ཕྱུག་པའི་དུས་ཚིགས་འདིར། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། སློབ་རའི་ནང་ནས་གྲོགས་པོ་ཆུང་ཆུང་ཚོས་ཤུགས་རྒྱོབ་ཤུགས་རྒྱོབ་ཅེས་པའི་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས། ལུས་རྩལ་ཐང་དུ་རུ་མི་ཆུང་ཆུང་ཚོ་བདེ་ལྕག་འཁྱུག་པོས་སྤོ་ལོ་འཕྲོག་རེས་བྱེད་པ་ལས། དཀའ་སྤྱད་སྙིང་རུས་དང་སློབ་མའི་དབར་གྱི་མཐུན་སྒྲིལ་ཟབ་མོ་མངོན།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དང་ཁྲེང་ཀོན་ཆུས་སྐད་གཉིས་བུ་བཅོལ་ཁང་གསུམ་པའི“རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་བུ་བཅོལ་ཁང”གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། བྱིས་པ་ཚོས་ལུས་སྦྱོང་བྱས་ནས་སྤྲོ་སྣང་སྤེལ་བ་དང་། གཟུགས་གཞི་ཐང་དུ་དང་། ཀུན་སྤྱོད་ལེགས་སུ། བློ་སྟོབས་ཆེ་རུ་བཅས་གཏོང་ཆེད། ཉེ་ཆར“ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་མཉམ་འབྲེལ་གྱི་བྱིས་པའི་རྐང་རྩེད་སྤོ་ལོའི་སྤྲོ་སྣང་བྱེད་སྒོ་ཐེངས་དང་པོ”ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་སྤོ་ལོའི་ཐང་དུ་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དང་། ཁྲེང་ཀོན་ཆུས་སྐད་གཉིས་བུ་བཅོལ་ཁང་གསུམ་པ། ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་དྲུག་པ། ཁྲེང་ཀོན་ཆུས་བཤད་སྒྲ་བུ་བཅོལ་ཁང་། ཁྲེང་ཀོན་ཆུས་གངས་ལྷ་མེ་ཏོག་བུ་བཅོལ་ཁང་བཅས་ཀྱི་བྱིས་པ་དང་དགེ་རྒན་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་པ་རེད།

    བྱིས་པའི་རྐང་རྩེད་སྤོ་ལོའི་སྤྲོ་སྣང་བྱེད་སྒོ་སྤེལ་རིང་། ཕྲུ་གུ་ཚོར་རྐང་རྩེད་སྤོ་ལོ་རྩེད་དུ་བཅུག་སྟེ་ཚང་མས་ལུས་སྦྱོང་དང་འགྲན་རྩོད་ཀྱི་སྤྲོ་སྣང་མྱོང་རོལ་གང་ལེགས་བྱས་པས། གཟུགས་པོ་ཐང་དུ་ཕྱིན་པ་དང་། དཀའ་སྤྱད་སྙིང་རུས་ཀྱི་བསམ་བློར་སྦྱོང་བརྡར་ཐེབས་པ་མ་ཟད། ད་དུང་སློབ་གྲོགས་དབར་གྱི་བརྩེ་བ་ཡང་ཟབ་ཏུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁོངས་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་དང་། གཞུང་བཙུགས་དང་དམངས་བཙུགས་བུ་བཅོལ་ཁང་དབར་གནས་པའི་སློབ་གསོའི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་ཆེད། 2018ལོའི་ལོ་འགོར། ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག ཁྲེང་ཀོན་ཆུས་ཁོངས་གཏོགས་བུ་བཅོལ་ཁང་གིས་མཉམ་འབྲེལ་ཐུན་མོང་སྒྲིག་གཞི་གཏོད་འགོ་བཙུགས་ནས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དང་། ཁྲེང་ཀོན་ཆུས་སྐད་གཉིས་བུ་བཅོལ་ཁང་གསུམ་པ། ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་དྲུག་པ། བཤད་སྒྲ་བུ་བཅོལ་ཁང་། གངས་ལྷ་མེ་ཏོག་བུ་བཅོལ་ཁང་བཅས་མཉམ་འབྲེལ་བུ་བཅོལ་ཁང་གི་ཐུན་མོང་སྒྲིག་གཞི་དང་པོར་དངོས་སུ་གྱུར་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་སྣེ་ཁྲིད་བུ་བཅོལ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རང་ངོས་ཀྱི་དོ་དམ་བྱེད་སྟངས་དང་། ཐབས་ཇུས། བྱ་ཐབས་བཅས་སྦ་གསང་མེད་པར་མཉམ་འབྲེལ་བུ་བཅོལ་ཁང་གཞན་ལ་དཔྱད་གཞིར་མཁོ་འདོན་བྱས་པ་དང་། དུས་བཀག་བཞིན་བུ་བཅོལ་ཁང་གི་ལས་དོན་ལ་དོ་དམ་གྱི་སྤེལ་རེས་ཚོགས་འདུ་འཚོགས་པ། བུ་བཅོལ་ཁང་དོ་དམ་དང་། དཔུང་ཁག་འཛུགས་སྐྱོང་། སློབ་ཁྲིད་ཞིབ་འཇུག་དང་སྒྱུར་བཅོས། བུ་བཅོལ་ཁང་གི་རིག་གནས། ཁོར་ཡུག་གསར་སྐྲུན་སོགས་ཀྱི་ཐད་ཕན་ཚུན་སྤེལ་རེས་བྱས་པས། མཉམ་འབྲེལ་བུ་བཅོལ་ཁང་དབར་ཐོན་ཁུངས་མཉམ་སྤྱོད་དང་། དགེ་མཚན་གསབ་རེས། གཉིས་ཁེ་གཉིས་ཕན་བཅས་མངོན་འགྱུར་བྱུང་ཡོད།

    ཁྲེང་ཀོན་ཆུས་མཉམ་འབྲེལ་བུ་བཅོལ་ཁང་དང་པོའི་ཁྲོད་ཀྱི་བཤད་སྒྲ་བུ་བཅོལ་ཁང་དང་གངས་ལྷ་མེ་ཏོག་བུ་བཅོལ་ཁང་དམངས་བཙུགས་བུ་བཅོལ་ཁང་གི་ཁོངས་སུ་གཏོགས་ཤིང་། དེ་གཉིས་ནི་1990ལོ་དང་1998ལོ་སོ་སོར་བཙུགས་པ་རེད། བུ་བཅོལ་ཁང་གི་ཆ་རྐྱེན་དང་དགེ་རྒན་མི་འདང་བའི་དབང་གིས་བུ་བཅོལ་ཁང་གཉེར་བ་ནས་ད་བར་བུ་བཅོལ་ཁང་གནས་ཡུལ་དང་སློབ་གསོ་སློབ་ཁྲིད་སོགས་ཐད་སྔར་བཞིན་དཀའ་ངལ་དང་མི་འདང་བའི་ཆ་ངེས་ཅན་གནས་ཡོད། གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་དམངས་བཙུགས་བུ་བཅོལ་ཁང་ལ་མཉམ་འབྲེལ་དོ་དམ་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་ཆེད། ཁྲེང་ཀོན་ཆུས་སློབ་གསོ་ཅུས་ལ་གཞོགས་འདེགས་བྱས་ཏེ་དམངས་བཙུགས་བུ་བཅོལ་ཁང་ལ་རྒྱུན་གཏན་གྱི་དོ་དམ་དང་། ལྟ་སྐུལ་མཛུབ་ཁྲིད། ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་པ་རེད། ཆ་སྒྲིག་རོགས་སྐྱོར་ལས་དོན་སྤེལ་ཚུན། གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་དམངས་བཙུགས་བུ་བཅོལ་ཁང་དང་འབྲེལ་གཏུག་སྤེལ་རེས་ཧུར་ཐག་བྱས་ནས་དམངས་བཙུགས་བུ་བཅོལ་ཁང་ལ་གནས་པའི་གནད་དོན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མཛུབ་སྟོན་བྱས་པ་དང་འབྲེལ། འཐུས་སྒོ་ཚང་དུ་གཏོང་རོགས་དང་ལེགས་བཅོས་བྱེད་རོགས་ཀྱང་བྱས་ནས། རྐང་འཛིན་དགེ་རྒན་དམངས་བཙུགས་བུ་བཅོལ་ཁང་དུ་མངགས་ཏེ་ཁོར་ཡུག་གསར་སྐྲུན་དང་། སློབ་གསོ་སློབ་ཁྲིད་ལ་ལྟ་ཞིབ། སློབ་ཁྲིད་བཀོད་སྒྲིག་ལ་ལྟ་བཤེར། སློབ་གསོ་སློབ་ཁྲིད་འཆར་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བུ་བཅོལ་ཁང་དུ་སློབ་ཆུང་ཅན་གྱི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་བྱས་ཡོད། ད་དུང་བཤད་སྒྲ་བུ་བཅོལ་ཁང་ལ་བྱིས་པའི་སྒྲོག་ཙེ་དང་རྐུབ་བཀྱག་རྙིང་པ་དང་། སློབ་དེབ་རྙིང་པ། ཡིག་ཆས་བླུག་སྒམ་སོགས་སློབ་ཁྲིད་ཡོ་བྱད་སྤྲད་པ་དང་། བྱིས་པའི་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་བྱས་པ་བརྒྱུད་རོགས་སྐྱོར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་ཡོན་ཀྲང་པ་སངས་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་འབྲེལ་བུ་བཅོལ་ཁང་དང་པོའི་ཐུན་མོང་སྒྲིག་གཞི་བཙུགས་རྗེས་བྱེད་སྒོའི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྤེལ་རེས་ཀྱི་ལས་སྟེགས་དེ་བས་མང་པོ་གཏོད་པ། བུ་བཅོལ་ཁང་དབར་ཕན་ཚུན་སྤེལ་རེས་ཀྱི་གོ་སྐབས་མང་དུ་གཏོང་བ་བཅས་བྱ་ཆེད། གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་མཉམ་འབྲེལ་བུ་བཅོལ་ཁང་གི་བྱེད་སྒོ་སྤེལ་བ་བརྒྱུད། ཡུལ་བབ་དང་བསྟུན་ཏེ་ཁོར་ཡུག་གསར་སྐྲུན་དང་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སློབ་ཚན་རོལ་རྩེད་ཅན་དུ་འགྱུར་བའི་ལྟ་སྦྱོང་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བས། “ལས་སྒོར་རོགས་རེས་དང་། ལེགས་ཆ་གསབ་རེས། དོ་དམ་ཐད་སློབ་སྦྱོང་བྱེད་རེས”བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་ནས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དོ་དམ་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། མཉམ་དུ་གོང་འཕེལ། བདེ་འཇགས་མཉམ་སྲུང་། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་སློབ་གསོའི་མཉམ་འབྲེལ་ཞིག་བཙུགས་པས། བུ་བཅོལ་ཁང་ཁག་གི་བུ་བཅོལ་ཁང་གཉེར་བའི་ཆུ་ཚད་མཐོ་རུ་དང་ནུས་པ་ཆེ་རུ་སྔར་བས་ཕྱིན་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394953881