བོད་ལྗོངས།
ནན་ཁའེ་བོད་རིགས་བུ་མོའི་རྐང་རྩེད་སྤོ་ལོའི་ལས་དབང་།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།

    བརྩོན་ལེན།

    རྐང་རྩེད་སྤོ་ལོ་རྒྱག་མཁན་བུ་མོ་ཞིག་གིས་སྐྱེས་པའི་རུ་ཁག་གི་རུ་དཔོན་བྱས་མོད། འོན་ཀྱང་འགྲན་རར་དངོས་སུ་ཞུགས་སྐབས་ཕོ་མོའི་དབྱེ་བའི་རྐྱེན་གྱིས་འགྲན་བསྡུར་ནང་ཞུགས་སུ་བཅུག་མེད། དེ་ནི་ན་ནིང་ནན་ཁའེ་སློབ་ཆེན་གྱི་སློབ་མ་གསར་པའི་བུམ་པའི་འགྲན་བསྡུར་གྱི་གནས་ཚུལ་ཞིག་ཡིན་པ་དང་གནས་ཚུལ་དེའི་རྐྱེན་གྱིས་འཁྲུག་ཆ་དོད་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་མི་རྣམས་ཀྱི་དོ་སྣང་བྱེད་ཡུལ་དུ་གྱུར་པ་རེད།

    འགྲན་བསྡུར་ནང་ཞུགས་སུ་བཅུག་མེད་པའི་བུ་མོ་དེ་ནི་བོད་རིགས་བུ་མོ་ཕུར་བུ་སྒྲོལ་མ་རེད། ཁོང་རྐང་རྩེད་སྤོ་ལོར་མཁས་པོ་ཇི་ལྟར་ཆགས་པ་ཡིན་ནམ། ཁོང་གིས་གནས་ཚུལ་དེར་འགྱུར་ལྡོག་ཇི་ལྟར་བཏང་བ་ཡིན་ནམ།

    ནན་ཁའེ་སློབ་ཆེན་མཚན་ཉིད་རིག་པ་སློབ་གླིང་གི་དངོས་གཞིའི་ཚན་ཁག་གི་སློབ་མ་ལི་ལུང་ནི་འགྲན་བསྡུར་དེའི་ཤན་འབྱེད་པ་ཡིན། ལི་ལུང་གིས་སྐྱེས་པའི་འགྲན་བསྡུར་ལ་བུ་མོ་ཞུགས་མི་ཆོག་པའི་སྐོར་བརྗོད་རྗེས་སྒྲོལ་མས་གཏན་འབེབས་དེའི་ནང་བུ་མོ་ཞུགས་མི་ཆོག་ཅེས་བསྟན་མི་འདུག ད་དུང་མིང་ཐོ་འགོད་སྐབས་ཕོ་མོའི་དབྱེ་བའང་སྐད་ཆ་འདྲི་མཁན་མི་འདུག་ཅེས་ངུ་འབོད་བྱས་པས་ལི་ལུང་གི་བསམ་ཡུལ་ལས་འདས།

    “ངས་བུ་མོས་རྐང་རྩེད་སྤོ་ལོ་རྒྱག་ཆོག་གི་མ་རེད་ཟེར་གྱི་མེད”ཅེས་ལོ་གཅིག་སོང་རྗེས་ལི་ལུང་གིས་འགྲན་བསྡུར་སྒྲིག་འཛུགས་བྱེད་མཁན་གྱི་ངོས་ནས་འགྲན་བསྡུར་ཚད་ལྡན་དང་དྲང་སྙོམས་ཡོང་བར་སྲུང་སྐྱོང་བྱ་ཆེད། གང་བྱུང་དུ་བུ་མོ་ཞིག་སྐྱེས་པའི་རུ་ཁག་ནང་ཞུགས་སུ་བཅུག་ནས་སྐྱེས་པ་དང་འགྲན་བསྡུར་བྱེད་དུ་བཅུག་ན་མི་འགྲིག་ཅེས་འགྲེལ་བཤད་བརྒྱབ།

    སྒྲོལ་མ་ནི་ནན་ཁའེ་སློབ་ཆེན་གྱི་ཡུལ་སྐོར་དང་ཞབས་ཞུ་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད། རྐང་རྩེད་སྤོ་ལོའི་རུ་ཁག་གི་སྦྱོང་བརྡར་ཐོག་མར་བྱེད་སྐབས་སློབ་ཕྲུག་བུ་ཚོས་ཁོང་གཟུགས་སྟོབས་ཆུང་བས་ལྟ་རྟོགས་བྱས་པ་དང་སྦྲགས་ཁོང་རུ་དཔོན་བྱེད་དུ་འཇུག་རྒྱུའི་གྲོས་འགོ་བཏོན།

    “ཁོང་བདེ་ལྕག་འཁྱུག་པས་ངའི་སྤོ་ལོ་ཡང་ཡང་འཕྲོག་ཐུབ་ཀྱི་འདུག་ལ་སེམས་ཤུགས་ཀྱང་ཆེན་པོ་ལྡན་འདུག ཁོང་གིས་རྐང་རྩེད་སྤོ་ལོ་རྒྱག་པའི་གོ་སྐབས་དེར་གཅེས་འཛིན་ཆེན་པོ་བྱེད་ཀྱི་འདུག”ཅེས་རུ་མི་ཏ་ཝུའུ་ལེ་ཐི་ཡིས་བཤད།

    སྒྲོལ་མ་དང་ན་ཟླ་ཡིན་ཞིང་ཕྱིས་སུ་ཁོང་དང་མཉམ་དུ་ནན་ཁའེ་སློབ་ཆེན་དུ་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་འཛུགས་མཁན་ལིའུ་ཞུའེ་རུའུ་ཡིས་མྱོང་ཚོར་ཟབ་མོའི་ངང“རྐང་རྩེད་སྤོ་ལོ་རྒྱག་མཁན་བུ་མོ་ཉུང་ཉུང་ཡིན་པས་བུ་དང་མཉམ་དུ་རྒྱག་དགོས་ཀྱི་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་རྐང་རྩེད་སྤོ་ལོར་རྒྱག་རྩལ་དེ་ཙམ་ཡག་པོ་མེད་པས་རྨས་སྐྱོན་ཕོག་གི་རེད་སྙམ་ནས་རྐང་རྩེད་སྤོ་ལོར་དབྱིངས་ཞུགས་པ་ཞིག་རྒྱག་ཐུབ་ཀྱི་མི་འདུག་པས་རྐང་རྩེད་སྤོ་ལོ་རྒྱག་པར་འགྲོ་ཡི་མེད”ཅེས་བཤད།

    དཀའ་ངལ་ཁྱད་བསད།

    བོད་དུ་མང་ཚོགས་ཁྲོད་རྐང་རྩེད་སྤོ་ལོ་རྒྱག་མཁན་མང་པོ་ཡོད་ལ། དམངས་ཁྲོད་ཀྱི་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་ཡང་མང་པོ་ཡོད་མོད། འོན་ཀྱང་ལོ་མང་རིང་བུ་མོའི་རྐང་རྩེད་སྤོ་ལོ་སློབ་གྲྭར་དར་ཁྱབ་དེ་ཙམ་མེད་པ་མ་ཟད། བུ་མོའི་དམངས་ཁྲོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དེ་བས་འཛུགས་མྱོང་མེད།

    དམའ་རིམ་སློབ་འབྲིང་ཐོན་རྗེས་སྒྲོལ་མས་སློབ་གྲྭ་ཁག་ནས་བུ་མོ་8སྒྲིག་འཛུགས་བྱས་ཏེ་དམངས་ཁྲོད་ཀྱི་ལས་ཞོར་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་པོ་དེ་བཙུགས། འོན་ཀྱང་རྐང་རྩེད་སྤོ་ལོའི་རུ་ཁག་འཁོར་རྒྱུག་ཡག་པོ་ཐུབ་པ་བྱེད་པའི་དཀའ་ཚེགས་ནི་ཁོང་གི་བསམ་ཡུལ་ལས་འདས་པ་ཞིག་རེད།

    སྤོ་ལོ་རྒྱག་སའི་གྲོན་དངུལ་གྲོན་ཆུང་བྱ་ཆེད། བུ་མོ་ཚོས་སློབ་གྲྭའི་གྱང་ལས་མཆོངས་ནས་གྲོང་ཁྱེར་ནང་དུ་ས་ཆ་བཙལ་ཏེ་སྤོ་ལོ་རྒྱག་གི་ཡོད་པ་དང་ལས་རིགས་ཁག་གི་སྐྱེས་པའི་རུ་ཁག་དང་སྤོ་ལོ་རྒྱག་མྱོང་ཡང་ཡོད་པ་རེད། རུ་མི་རུ་ཁག་ནས་དོན་སྐབས་སྒྲོལ་མ་དང་རུ་དཔོན་གཞོན་པས་ཁོང་ཚོའི་ཁྱིམ་བདག་ལ་ཁ་པར་བརྒྱབ་ནས“བུ་མོས་ཡང་སྤོ་ལོ་རྒྱག་ཆོག་གི་རེད། སྤོ་ལོར་དགའ་པོ་བྱེད་པར་ཕོ་མོའི་དབྱེ་བ་མེད”ཅེས་བསམ་བློའི་སློབ་གསོ་ཡང་ཡང་རྒྱག་གི་ཡོད།

    “ལྷ་སའི་དམངས་ཁྲོད་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་པོ་དེ་ཡིན་པས། ངས་དེ་ཚད་ལྡན་ཞིག་ཏུ་འགྱུར་ན་བསམ་གྱི་འདུག ངས་ལས་རིགས་ལུས་རྩལ་པའི་ཚད་གཞི་ལྟར་རུ་མི་ཚོར་ཐཱན་སྐྱུར་འཐུང་བཅའ་འཐུང་དུ་འཇུག་གི་མེད་ལ་ཁ་ཟས་ཙག་ཙིག་ཀྱང་བཟའ་རུ་འཇུག་གི་མེད་པས། རུ་ཁག་ནང་གི་བུ་མོ་ཚོས་གནས་ཚུལ་དེའི་རྐྱེན་གྱིས་ང་དང་ཁ་རྩོད་ཡང་ཡང་རྒྱག་གི་ཡོད། ངས་ད་དུང་རུ་མི་ཚོའི་འབྱོར་ཐོར་གཞིགས་ནས་རུ་ཁག་དང་པོ་དང་གཉིས་པར་དབྱེ་ཡི་ཡོད”ཅེས་སྒྲོལ་མས་བཤད།

    དགེ་རྒན་ཚེ་བདེ་སྐྱིད་ནི་ཆེད་ལས་ཀྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་ཞིག་ཡིན་པ་དང་ཁོང་གིས་བུ་མོ་དེ་དག་སེམས་ཤུགས་ཀྱིས་ཁེངས་པ་ཞིག་འདུག ལུས་རྩལ་སློབ་གྲྭའི་སློབ་མ་རྣམ་གྲངས་དེའི་ནང་ཡོད་ཚེ་སྦྱོང་བརྡར་མ་བྱེད་ཀ་མེད་རེད། སྒྲོལ་མ་ལྟར་རྐང་རྩེད་སྤོ་ལོར་ལྷག་བསམ་རྣམ་དག་ངང་དགའ་པོ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད་ཅེས་བཤད།

    “ང་ཆུང་དུས་ན་ཟླའི་ཁྲོད་གཟུགས་སྟོབས་ཆུང་ཤོས་དེ་ཡིན། དམའ་འབྲིང་སྐབས་སྦྱངས་འབྲས་ཡག་པོ་མེད་པས་སེམས་གུ་དོག་པ་མ་ཟད། དགེ་རྒན་དང་ཨ་མའི་ཁ་ལའང་ཉན་གྱི་མེད། འོན་ཀྱང་རྐང་རྩེད་སྤོ་ལོ་བརྒྱབ་པ་ནས་བཟུང་མི་གཞན་ལ་ལྟ་རྟོག་བྱེད་པའི་བསམ་བློ་འཁོར་གྱི་འདུག རྐང་རྩེད་སྤོ་ལོ་ནི་ངའི་བསམ་པའི་རྟེན་ས་ཡིན། རྐང་རྩེད་སྤོ་ལོ་བརྒྱབ་པ་ནས་བཟུང་རང་ཉིད་ཀྱི་སེམས་ཤུགས་ཆེ་རུ་ཕྱིན་པ་དང་དཀའ་ངལ་ག་ཚོད་འཕྲད་རུང་དཔའ་མི་ཞུམ་མཁན་ཞིག་ཏུ་གྱུར་སོང”ཞེས་བཤད།

    2019ལོའི་དབྱར་དུས་སུ་སྒྲོལ་མར་ནན་ཁའེ་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་འབྱོར་བ་དང་ཁོང་ཚོའི་སྤོ་ལོའི་རུ་ཁག་ནང་བུ་མོ་25ཡོད་པ་རེད།

    མཆོང་སྐྱོད།

    སྒྲོལ་མ་འགྲན་བསྡུར་ལ་ཞུགས་སུ་མ་འཇུག་པའི་དགོང་མོ་དེར་ནན་ཁའེ་བུམ་པའི་འགྲན་བསྡུར་ལ་ཞུགས་སུ་འཇུག་མིན་ཐད་སློབ་གླིང་དང་ཚན་ཁག་ཁག་གིས་དྲ་ཐོག་ནས་འདེམས་ཤོག་འཕེན་འགོ་ཚུགས་པ་རེད། མཐར་མོས་མཐུན་འདེམས་ཤོག་10དང་། མོས་མཐུན་མེད་པའི་འདེམས་ཤོག་1 དབང་ཆ་འདོར་བའི་འདེམས་ཤོག་2བཅས་བྱུང་བ་རེད། སློབ་གླིང་ཞིག་གི་རུ་དཔོན་གྱིས་གྲོགས་ཚོགས་ནང“སློབ་མ་ཕུར་བུ་སྒྲོལ་མར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་ཐེངས་ཀྱི་གནས་ཚུལ་དེས་ཁྱེད་ཀྱིས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་པའི་སེམས་ཤུགས་མི་ཉམས་པའི་རེ་བ་ཡོད”ཅེས་བཤད་པ་རེད།

    ཕྱིས་སུ་ཕུར་བུ་སྒྲོལ་མའི་གཏམ་རྒྱུད་དེ་ནན་ཁའེ་སློབ་ཆེན་གྱི་གསར་འགོད་པའི་ཚོགས་པས་གནས་ཚུལ་སྤེལ་བ་རེད། ལིའུ་ཞུའེ་རུའུ་དེར་ཡོང་ནས་ཁོང་གཉིས་མ་གྲོས་གཅིག་མཐུན་བྱུང་ཞིང་། བུ་མོའི་རུ་ཁག་གཅིག་འཛུགས་རྒྱུའི་འཆར་གཞི་བཏིང་། ཁོང་གཉིས་ཀྱིས་སློབ་གྲྭའི་ལོ་རྒྱུས་ལས་ནན་ཁའེ་སློབ་ཆེན་གྱི་དུས་རབས་གོང་མའི་ལོ་རབས་ཉི་ཤུ་སུམ་ཅུ་པའི་སྐབས་ཀྱི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་པོའི་མཉམ་པར་མཐོང་བ་རེད།

    ལོ་བརྒྱའི་གོང་དུ་ནན་ཁའེ་སློབ་ཆེན་གཏོད་མཁན་ཀྲང་པོ་ལིང་གིས“རྒྱལ་ཁབ་སྟོབས་ཆེན་ཡོང་བར་ངེས་པར་དུ་སྔོན་ལ་མི་རིགས་སྟོབས་ཆེན་ཡོང་དགོས་པ་དང་མི་རིགས་སྟོབས་ཆེན་ཡོང་བར་ངེས་པར་དུ་སྔོན་ལ་གཟུགས་པོ་ཐང་པོ་ཡོང་དགོས”ཞེས་བཏོན་པ་རེད། ལོ་བརྒྱའི་རྗེས་སུ་སློབ་གྲྭའི་ནང་རྐང་རྩེད་སྤོ་ལོ་རྒྱག་མཁན་བུ་མོ་གང་སར་མཐོང་རྒྱུ་ཡོད།

    2020ལོའི་དབྱར་དུས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆུང་དུ་སོང་བ་དང་སྒྲོལ་མས་ཁོང་གི་ཕ་ཡུལ་དུ་བཙུགས་པའི་ལྷ་སའི་དམངས་ཁྲོད་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་འགྲན་བསྡུར་དང་པོ་དེ་དུས་བཀག་ལྟར་གཉེར་བ་རེད། ཚེ་བདེ་སྐྱིད་ཀྱང་འགྲན་བསྡུར་སྤེལ་ཡུལ་དུ་ཡོང་བ་དང་སེམས་འགུལ་ཟབ་མོ་ཐེབས་པ་རེད།

    “རང་ཉིད་ད་ལྟ་ལོ་བཅུ་ཆུང་དུ་སོང་ན་དགའ་བ་ལ། མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་འགྲོ་ཡི་ཡོད་པས་གཞོན་ནུ་དེ་ཚོས་བྱེད་ཐུབ་པའི་ལས་ཀ་ད་དུང་མང་པོ་ཡོད”ཅེས་དགའ་ཚོར་ངང་བཤད།

    2019ལོའི་ལོ་མཇུག་ཏུ་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྤྱི་ཚོགས་ཐོག་རྐང་རྩེད་སྤོ་ལོའི་ཐང་170བཙུགས་ཡོད་པ་དང་མཛུབ་ཁྲིད་དམིགས་ཚད་ལེགས་གྲུབ་བྱེད་ཚད་བརྒྱ་ཆ་ཉིས་བརྒྱ་ལྷག་ཙམ་ཟིན་ཡོད། རིམ་ཁག་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་བྱེད་འགོ་སྤེལ་ཚུན། སློབ་གྲྭ་འབྲིང་ཆུང་མང་པོས་བུ་མོའི་རུ་ཁག་བཙུགས་ཡོད། དེ་གོང་སྒྲོལ་མ་སློབ་སྦྱོང་བྱེད་སའི་དམའ་འབྲིང་དེས་ཀྱང་ཁོང་སློབ་གྲྭ་ཐོན་རྗེས་ཀྱི་ལོ་གཅིག་རྗེས་སུ་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས།

    “དགའ་ཞེན་དང་ཕོ་མོའི་དབྱེ་བ་འབྲེལ་བ་མེད། ངའི་ནུས་པར་ཚད་ཡོད་ཀྱང་ངས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་བུ་མོ་ཚོར་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་སྒྲོལ་མས་བཤད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395189681