བོད་ལྗོངས།
ཚན་རིག་ཞིབ་འཇུག་ཐད་རང་གི་ཡོད་ཚད་ལེགས་སྐྱེས་འབུལ་མཁན་ཉི་མ་བཀྲ་ཤིས།

    ལོ་20ལྷག་ཙམ་ཉི་མ་བཀྲ་ཤིས་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲུང་གོ་ཆང་གིས“ང་རང་ཁོང་དང་ཞིང་འབྲོག་ཚན་ཞིབ་ཐད་ཀྱི་གནད་དོན་ཁག་གཅིག་ལ་སྤེལ་རེས་བྱེད་དགོས་ཚེ། ངལ་གསོའི་སྐབས་སྔོན་ལ་ཁ་པར་རྒྱག་མི་དགོས་པར་གཞུང་ལས་ཁང་དུ་ཐད་ཀར་སྐྱོད་ཚེ་ཁོང་རྙེད་ངེས་རེད། ལོ་དེ་དག་ནང་ཁོང་གིས་དུས་ཆེན་དང་གཟའ་མཇུག་བཏང་བ་མཐོང་མྱོང་མེད། གལ་ཏེ་གཤམ་སྐྱོད་དང་གཞུང་དོན་སྒྲུབ་ཏུ་སོང་མེད་ཚེ་ཁོང་གཞུང་ལས་ཁང་དུ་ཡོད་ངེས་རེད”ཅེས་བརྗོད།

    ལས་དུས་འཕར་མ་བྱ་རྒྱུ་ནི་ཁོང་འཚོ་བཞུགས་སྐབས་ཀྱི་ལས་ཀའི་རྒྱུན་རྣམ་ཞིག་ཡིན་པས་ལས་ཀར་དབྱིངས་ཞུགས་ནས་ཁ་ལག་བཟའ་རྒྱུའང་བརྗེད་ཀྱི་ཡོད།

    བཟའ་ཟླ་ལྷག་ཆུང་གིས“ངས་རྒྱུན་དུ་ཁ་པར་བརྒྱབ་ནས་ཁོང་ཁ་ལག་ཟ་བར་སྐད་གཏོང་གི་ཡོད། ཆུ་ཚོད་12ཙམ་ནས་ཁ་པར་བརྒྱབ་ཚེ་ཕྱི་དྲོའི་ཆུ་ཚོད་གསུམ་པ་བཞི་པར་གཞི་ནས་ནང་ལ་ལོག་ནས་ཁ་ལག་ཟ་བ་དང་། སྐབས་རེ་ལས་བྲེལ་ཆེ་དུས་ཕྱི་དྲོའི་ཆུ་ཚོད་ལྔ་པ་དྲུག་པ་ཙམ་ལ་གཞི་ནས་དགུང་ཟས་ཟ་གི་ཡོད”ཅེས་བརྗོད།

    གནད་དོན་དེའི་ཐད་ཉི་མ་བཀྲ་ཤིས་ཀྱིས“ལས་ཀ་བྱེད་སྐབས་ང་ནི་ཡོན་ཀྲང་ཡིན་པ་དང་། ལས་ཐག་བཅད་རྗེས་ང་ནི་ཚན་རིག་ཞིབ་འཇུག་པ་ཞིག་ཡིན་ལ། དེ་བས་ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་ཐོབ་ཐང་གང་ཞིག་གིས་ཀྱང་ང་ལ་ལྷོད་གཡེང་བྱེད་མི་རུང་བའི་དྲན་སྐུལ་བྱེད་ཀྱི་འདུག”ཅེས་བརྗོད་ཀྱི་ཡོད།

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་སུའོ་ཡི་ཞིབ་འཇུག་པ་ཙེང་ཤིན་ཆོན་གྱིས“གཤམ་སྐྱོད་སྐབས་ང་ཚོ་སྤྱིར་བཏང་ཞོགས་པའི་ཆུ་ཚོད་དགུ་པར་རྡོག་ཐོན་བྱེད་ཀྱི་ཡོད། ལམ་ཐག་ཅུང་རིང་བའི་ཚོད་ལྟའི་ཞིང་ཁར་སྐྱོད་སྐབས་ཁོང་གིས་རྟག་ཏུ་ཞིབ་ཚགས་ངང་གཟིགས་ཀྱི་ཡོད་པས་ཕྱི་དྲོའི་ཆུ་ཚོད་ལྔ་པ་དྲུག་པ་ཙམ་ལ་དགུང་ཟས་བཟའ་རྒྱུ་ནི་ཆེས་རྒྱུན་གཏན་གྱི་སྣང་ཚུལ་ཞིག་རེད”ཅེས་བཤད།

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཚན་ཞིབ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་བདེ་སྐྱིད་ཆོས་སྒྲོན་གྱིས་དྲན་གསོ་བྱེད་བཞིན“ཁོང་གིས་བྱ་བ་ཚང་མ་བློ་གཅིག་སེམས་གཅིག་ངང་སྒྲུབ་ཀྱི་ཡོད་མོད། འོན་ཀྱང་རང་ཉིད་ཀྱང་ཤ་ཁྲག་ལས་གྲུབ་པ་ཞིག་ཡིན་པ་བརྗེད་ཀྱི་ཡོད། སྔོན་ཆད་ཁོང་ལ་གྲུམ་ནད་དང་གློ་ཚད་སོགས་ཕོག་མྱོང་ཡོད་ལ། གཅིན་སྙི་ཟགས་ཁུའི་ནད་དང་མཆིན་ནད་སོགས་ཀྱི་གཅོང་ནད་ཀྱང་ཕོག་ཡོད། ཉེ་བའི་ལོ་ཤས་རིང་ཁོང་དང་མཉམ་དུ་གཤམ་སྐྱོད་བྱེད་སྐབས་ཁོང་གིས་གཤེར་མའི་ཕུང་རྩི་དུས་ཐོག་ཏུ་བརྒྱབ་པ་མཐོང་མྱོང་མེད”ཅེས་བཤད།

    ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་སོགས་ཀྱི་ཞིང་འབྲོག་སྡེ་ཚན་ཁག་དང་། ཁྲུན་ཀོང་བཟའ་བཅའ་དང་ཆེས་བྲིན་ཚོགས་པ་སོགས་ཁེ་ལས་ཀྱིས་ཁོང་འཚོ་བཞུགས་སྐབས་རིན་མེད་མཛུབ་ཁྲིད་གནང་བར་ཐུགས་རྗེ་ཆེ་མི་ཞུ་མཁན་གཅིག་ཀྱང་མེད་ལ། ཁོང་གཤམ་སྐྱོད་བྱེད་སྐབས་ཀྱང་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་ཞིང་འབྲོག་མང་ཚོགས་ཚོར་དཀའ་གནད་སེལ་རོགས་བྱེད་ཀྱི་ཡོད།

    བདེ་སྐྱིད་ཆོས་སྒྲོན་གྱིས“གཤམ་སྐྱོད་བྱེད་སྐབས་ཡོན་ཀྲང་ལགས་ཀྱིས་རྟག་ཏུ་ང་ཚོར་ཟིན་བྲིས་དེབ་འཁྱེར་དུ་བཅུག་སྟེ་བརྟག་ཞིབ་བྱེད་རིང་ཞིང་འབྲོག་མང་ཚོགས་ཚོར་ཐག་གཅོད་བྱེད་དགོས་པའི་གནད་དོན་དག་དུས་ཐོག་ཏུ་ཟིན་ཐོ་འགོད་དུ་བཅུག་རྗེས་གང་ཐུབ་ཅི་ཐུབ་ཀྱིས་མཐུན་སྦྱོར་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བཤད།

    འདི་ལོའི་ལོ་སྟོད་དུ་ཉི་མ་བཀྲ་ཤིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར་བརྟག་ཞིབ་ལ་ཕེབས་སྐབས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དངོས་གྲུབ་ཀྱིས་གྲོང་ཚོའི་ནང་སྟབས་བདེའི་སོན་འདེབས་འཕྲུལ་འཁོར་དཀོན་ལུགས་བརྗོད་པས། དེར་ཁོང་གིས་མཐོང་ཆེན་བྱས་ནས་ལྷ་སར་ལོག་རྗེས་སྟབས་བདེའི་སོན་འདེབས་འཕྲུལ་འཁོར་བཅུ་མཐུན་སྦྱོར་ཐག་གཅོད་བྱས་པ་མ་ཟད། ནས་ཀྱི་སོན་བཟང་དང་མཉམ་དུ་བསྐུར་ཏེ་ཁོང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དཀའ་གནད་བསལ་བ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395214861