བོད་ལྗོངས།
ལས་གཏོད་ཐབས་ལམ་ཡངས་པོར་བསྐྲུན། ཕུགས་འདུན་མངོན་འགྱུར་གདོན་མི་ཟ།

    —— རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་དང་ལས་གཏོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    2020ལོ་ཚུན་དུ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་མནོན་ཤུགས་ཆེན་པོ་འཕྲད་ཡོད། དེར་བརྟེན་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་འཆར་འགོད་ཧུར་ཐག་བྱས་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་མང་པོ་ནས་ཁྲོམ་རར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། 2020ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ལོ་དེར་ཐོན་པའི་མཐོ་སློབ་སློབ་ཐོན་སློབ་མ་27769ཡོད་པའི་ནང་སློབ་མ་27306ལས་ཞུགས་ཐུབ་ཡོད་པ་དང་སྤྱིའི་ལས་ཞུགས་ཐུབ་ཚད་98.4%ཟིན་ཡོད།

    བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ།

    2020ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཁྱོན་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་340འཚོགས་པ་དང་། མི་15500ལྷག་ཙམ་དང་གྲོས་མཐུན་བྱུང་བ། མི་4800ལྷག་ཙམ་དང་གན་རྒྱ་བཞག་པ་བཅས་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་ར་ཅན་གྱི་ལས་ཞུགས་ཐབས་ལམ་དེ་བས་རྒྱ་ཆེར་སོང་ཡོད།

    རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ལྗོངས་ཕྱི་ནང་གི་ལས་གནས་མཐུན་སྦྱོར་ཐུབ་ཚད་ཁག་ཏུ་སོང་ཡོད། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་འགོ་ཁྲིད་ལས་དོན་ཚོགས་ཆུང་གིས་ལས་གནས་འཆར་འགོད་རྣམ་གྲངས་24ལ་དབྱེ་ནས“མི་ལ་གཞིགས་ནས་ལས་གནས་འགན་གཙང་སྤྲོད་རྒྱུ”ལག་བསྟར་བྱས་ཏེ། ལྗོངས་ཕྱི་ནང་དུ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། ལྗོངས་ཕྱི་ནང་གི་བོད་སྡོད་ཀྲུང་དབྱང་ཁེ་ལས་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་པ་བཞིན་ལས་གནས་དོན་འཁྱོལ་བྱས་ཏེ་ལས་ཞུགས་ཐབས་ལམ་ཆེ་རུ་ཧུར་ཐག་བཏང་ཡོད། དེ་དང་ཆབས་ཅིག ས་གནས་ཁག་དང་གྲོང་ཁྱེར་ཁག་དང་འབྲེལ་བ་བྱས་ནས་ལས་གནས་མཁོ་འདོན་དང་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་ཏེ། ལས་རིགས་དབྱེ་ནས་མཐོ་སློབ་སློབ་ཐོན་སློབ་མར་དྲ་ཐོག་དང་དྲ་གཤམ་གྱི་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ་རེད།

    2020ལོའི་ལོ་མཇུག་བར། ལས་གནས་ཁྲི་6.55དོན་འཁྱོལ་བྱུང་བར་ལྗོངས་ནང་ཁུལ་གྱི་གཞུང་གི་ལས་གནས་6500དང་ཁེ་ལས་ཀྱི་ལས་གནས་ཁྲི་2.1སོགས་ཡོད། སློབ་ཆེན་སློབ་མ་གདན་ཞུ་བྱེད་པའི་གྲོང་ཚོ(གྲོང་ལྷན)ཚན་རྩལ་ཆེད་བསྐོས་ལས་བྱེད་པ་དང། སྨན་དོན་མི་སྣ། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཆེད་མི། གྲོང་གསེབ་བུ་བཅོལ་ཁང་གི་དགེ་རྒན་སོགས་ཀྱི་ལས་གནས་གསར་སྤེལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ནས་ལས་མི་བསྡུས་ཡོད།

    གནད་སྨིན་ཞབས་འདེགས་ཞུས་ནས། ལས་ཞུགས་ལས་གཏོད་རྗེས་ལུས་མི་ཐེབས་པའི་འགན་ལེན་བྱས་པ།

    རང་ལྗོངས་ཀྱིས་མཁོ་དང་སྤྲོད་གཉིས་ཀར་གཞི་ཚུགས་ནས་མཐོ་སློབ་སློབ་ཐོན་སློམ་མའི་ཆེད་ལས་ཆ་འཕྲིན་དང་། ལས་ཞུགས་ཀྱི་འདོད་འདུན། ཁྲོམ་རའི་དགོས་མཁོ། ལས་གནས་ཀྱི་ཆ་འཕྲིན་བཅས་ལ་གནད་སྨིན་བསྡུར་བ་དང་གནད་སྨིན་ཟླ་སྒྲིག་བྱས་ནས“N+3”གྱི་ལས་གནས་ཆ་འཕྲིན་གཏོང་བའི་རྣམ་པ་ལག་བསྟར་བྱས་ཡོད།

    ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་དགོས་མཁོ་དངོས་ལ་གཞིགས་ནས་སྤྲིན་ཚོམ་འཕྲིན་ཐུང་སོགས་ཀྱི་ཐབས་ལམ་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མ་ཚང་མར་ལས་གནས་ཀྱི་ཆ་འཕྲིན་3ཡན་ཐེངས་མང་མཁོ་འདོན་བྱས་ཡོད།

    གཞོན་ནུའི་ལྟ་སྦྱོང་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ནས་ལས་ཁུངས་ཀྱི་བྱ་གཞག་ཚན་པ་དང་རིགས་ཁག་གི་ཁེ་ལས་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་སུ“གཞོན་ནུའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི”ཁག་གཅིག་གཏན་འཁེལ་བྱས་པ་དང་། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་900ལས་ཞུགས་ལྟ་སྦྱོང་ལ་ཞུགས་ཡོད་པ་རེད།

    གསོ་སྦྱོང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལག་ཤེས་བཟོ་རྩལ་སོགས་རིགས་ཆེན་པོ་7གྱི་རྩལ་ནུས་གསོ་སྦྱོང་རྣམ་གྲངས་40བཀོད་སྒྲིག་བྱས་ནས“ཁེ་ལས་ཀྱིས་མངགས་ཐོ་འགོད་དང་། མཐོ་སློབ་སློབ་ཐོན་སློབ་མས་མངགས་ཐོ་འདེམས་པ། གསོ་སྦྱོང་སྒྲིག་གཞིས་མངགས་ཐོ་བཟོ་བ། སྲིད་གཞུང་གིས་རིན་པ་སྤྲོད་པ”བཅས་ཀྱི་ཐབས་ལམ་ཁྱབ་གདལ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་རིགས་ཁག་གི་ཁེ་ལས་དང་། བཟོ་ལས་གླིང་ཁུལ། ཐོན་ལས་གླིང་ཁུལ། ཨར་རྒྱག་བྱ་ཡུལ་བཅས་སུ་བསྐྱོད་ནས་ལག་རྩལ་འཕེལ་ཐབས་བྱ་རྒྱུར་སྒྲིག་འཛུགས་བྱས་ཡོད།

    2020ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། ལོ་དེར་ཐོན་པའི་སློབ་ཐོན་སློབ་མ་ཁྱོན་1700ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་100%ཟིན་ཡོད་པ་རེད།

    དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་བཟང་པོ་བཏོད་པ།

    ལྗོངས་ཡོངས་སུ“ལྔ་སྐྱོད་གཅིག་སྤྲོད”ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། 2020ལོའི་ལོ་མཇུག་བར་སློབ་གྲྭར་སྲིད་ཇུས་དྲིལ་བསྒྲགས་ཐེངས་24བྱས་པ་དང་། ཁེ་ལས་ལ་སྲིད་ཇུས་དྲིལ་བསྒྲགས་ཐེངས་46བྱས་པ། སློབ་མ་དང་ཁྱིམ་བདག་ལ་བཞུགས་མོལ་ཚོགས་འདུ་ཐེངས་13འཚོགས་པ། ས་གནས་ས་ཐོག་ཏུ་སྲིད་ཇུས་ཀྱི་བློ་འདྲི་ཐེངས་340བྱས་པ། དྲིལ་བསྒྲགས་ལག་དེབ་ཁྲི་12ལྷག་ཙམ་སྤྲད་པ། ལྗོངས་ནང་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་དྲ་ཐོག་སྨྱན་སྦྱོར་དུ་གསར་འགྱུར་དང་དྲ་བའི་དཔྱད་བརྗོད་རྩོམ་ཡིག་2800ལྷག་ཙམ་སྤེལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རང་ལྗོངས་ཀྱིས་གཅིག་སྡུད་ཐོག“ལྔ་སྐྱོད་གཅིག་སྤྲོད”ཀྱི་ཆེད་དོན་དྲིལ་བསྒྲགས་སྤེལ་ནས། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་བྱས་ཏེ། ས་ཁུལ་ཁག་དང་གྲོང་ཁྱེར་ཁག་ཏུ་ཉུང་ཤོས་ལའང་2དང(རྫོང)ཆུས་སུ་ཉུང་ཤོས་ལའང་1གི་ཚད་གཞི་གཞིར་བཟུང་དྲིལ་བསྒྲགས་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ལས་བྱེད་པ་རྒན་གྲས་དང་། ཏན་ཡོན་རྒན་གྲས། དཔེ་བཟང་བ་རྒན་གྲས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་དང་དེ་བཞིན་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་བྱས་ནས། ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ལ་སྲིད་ཇུས་འཆད་འགྲེལ་བྱས་ཏེ་དུས་བབ་ལ་དབྱེ་ཞིབ་དང་སྲིད་ཇུས་ཁྱབ་ཚད་དང་དང་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397561331