བོད་ལྗོངས།
ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ཚུན་ས་མཐོར་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་སྲིང་བྱས་པ།

སློབ་གྲྭ་ཐོན་ནས་ཕ་ཡུལ་ཕྱོགས་སུ་ལོག མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད།

    2020ལོའི་ཟླ་8པའི་ཟླ་དཀྱིལ་གྱི་ཉིན་ཞིག་གི་ཞོགས་པར། ཚེ་དབང་ཞོགས་པ་སྔ་པོ་ནས་ཁྱིམ་གྱི་ཉེ་འགྲམ་གྱི་སྔོ་ཚལ་ཚོང་ཁང་དུ་ཡོང་སྟེ་སྔོ་ཚལ་སོས་པ་མང་པོ་ཉོས། ཁྱིམ་དུ་ལོག་པའི་ལམ་བར་དུ་ཁོང་གིས་ཕ་ཡུལ་གྱི་མི་ཐུག་རིམ་བཞིན“ངའི་བུ་རྒན་པ་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་ལོན་འདུག དེ་རིང་ཁོམ་པ་ཡོད་ཚེ་ཁྱིམ་དུ་ཟ་མ་བཟའ་བར་ཕེབས་ཤོག”ཅེས་བརྗོད་ཀྱི་ཡོད།

    པད་མ་སྐལ་བཟང་ནི་ཚེ་དབང་ཁྱིམ་གྱི་ནང་སའི་སློབ་གྲྭར་རྒྱུགས་ལོན་མཁན་ཕྲུ་གུ་དང་པོ་དེ་ཡིན། ནང་སར་ཐོན་ལ་ཉེ་བའི་སྐབས་དེར་སྤོ་བོ་ལགས་ཀྱིས་ཉིན་གང་བུ་ལ་བཀའ་སློབ་དང་མངགས་བཅོལ་མང་པོ་གནང་བ་དང་། མཚན་མོར་གློག་འོད་འོག་བྲེལ་འཚུབ་ཆེ་བའི་ཕ་མ་གཉིས་པོས་བུའི་ཅ་དངོས་བསྡུ་གསོག་རྒྱག་བཞིན་ཡོད་པ་དང་། རྡོག་ཁྲེས་རྫ་མདོག་དེ་ཁ་བཏགས་དཀར་པོས་དམ་པོར་བསྡམས། ཚེ་དབང་གིས་བུ་ལ“ཁ་བཏགས་ཀྱིས་བསྡམས་ཚེ་བུ་རང་ཝུའུ་ཧན་དུ་མེ་འཁོར་བབས་རྗེས་རྡོག་ཁྲེས་ལམ་སེང་རྙེད་ཐུབ”ཅེས་བརྗོད། དེ་ནི་ནང་སའི་བོད་ལྗོངས་འཛིན་གྲྭའི་ངག་ནས་བརྗོད་པའི་དངོས་མཚོན་གློག་བརྙན་ཐོག་མ《ལོ་དེར་ཕ་ཡུལ་ནས་བྲལ་བའི་གཞོན་ནུ》ཞེས་པའི་ཁྲོད་ཀྱི་དུམ་བུ་ཞིག་ཡིན།

    “ང་རང་ནང་སའི་བོད་ལྗོངས་འཛིན་གྲྭར་འགྲོ་འདོད་འདུག”འདི་ནི་1985ལོར་ནང་སའི་བོད་ལྗོངས་འཛིན་གྲྭ་གཉེར་བ་ནས་ད་བར། བོད་ཀྱི་སློབ་ཆུང་སློབ་ཐོན་སློབ་མ་མང་པོ་ཞིག་གི་ཕུགས་བསམ་དང་རེ་བ་ཡིན་ལ། བོད་ཀྱི་ཕྲུ་གུ་མང་ཆེ་བས་སློབ་ཆུང་དུས་མཚམས་སུ་འབད་འཐབ་ཧུར་ཐག་བྱེད་པའི་དམིགས་ཚད་ཀྱང་ཡིན།

    ལོ་36རིང་། ནང་སའི་བོད་ལྗོངས་འཛིན་གྲྭས་བོད་ལ་ཁག་དང་ཁག་བྱས་ནས་ཤེས་ལྡན་མི་སྣ་སྐྱེལ་ཡོད།

    ན་ནིང《མཉམ་སྐྱོད་དང་སྐྱེ་སྟོབས། ནང་སའི་བོད་ལྗོངས་འཛིན་གྲྭའི་ལོ་35དང་མི་35ཡི་ངག་ཐོག་ལོ་རྒྱུས》ཀྱི་དཔེ་དེབ་གསར་པའི་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཡོད། ཉིན་དེར་ཡོངས་བསྒྲགས་ཚོགས་འདུར་ཞུགས་མཁན་སྐུ་མགྲོན་དང་ཀློག་པ་པོ་མང་ཆེ་བ་ནི་ནང་སའི་བོད་ལྗོངས་འཛིན་གྲྭ་ནས་ཐོན་པ་རེད།

    དེབ་དེའི་ནང་གི་མི་སྣ་ནི་སྐབས་རིམ་བྱུང་གི་ནང་སའི་བོད་ལྗོངས་འཛིན་གྲྭ་ནས་ཐོན་པའི་ཕུལ་བྱུང་སློབ་མ་35སྟེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འཇམ་དབྱངས་ཤེས་རབ། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་རྡོ་རྗེ་ནོར་བུ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་སྔོན་ཐོན་མི་སྒེར་ཝང་ཏུང་ཧའེ་སོགས་ཚུད་ཡོད། ཁོང་ཚོས་བོད་རིགས་ཕྲུ་གུ་མི་རབས་ཁ་ཤས་མེས་རྒྱལ་གྱི་ནང་སར་སློབ་གཉེར་བྱེད་པའི་གཏམ་རྒྱུད་ངོ་མ་བརྗོད་ཡོད།

    པེ་ཅིང་བོད་ལྗོངས་སློབ་འབྲིང་ནས་ཐོན་པའི་དབྱིངས་གསར་ནོར་བུ་ཚེ་རིང་གིས《བོད་ལྗོངས་ཀྱི་བྱ་ཕྲུག》ཅེས་པའི་དེབ་གཅིག་བྲིས་མྱོང་ཡོད། དངོས་མཚོན་རྩོམ་རིག་གི་དེབ་དེའི་ནང་རྩོམ་པ་པོ་མི་སྒེར་གྱི་མཐོང་ཆོས་དང་པོར་བརྟེན་ཏེ། བཅོས་མིན་དང་ཞིབ་ཚགས་པའི་རྩོམ་རིག་འབྲི་སྟངས་ཐོག་ནས། ཉེ་འགྲམ་གྱི་སློབ་གྲོགས་དང་། དགེ་རྒན། དེ་བཞིན་ཕ་ཡུལ་ནས་ཐོག་མར་ཁ་འབྲལ་ཏེ་ཕྱིར་སློབ་གཉེར་བྱེད་པར་སྐྱོད་མཁན་བོད་ཀྱི་ཕྲུ་གུའི་འཚར་ལོངས་གཏམ་རྒྱུད་བཀོད་ཡོད།

    དབྱིངས་གསར་ནོར་བུ་ཚེ་རིང་ད་ཆ་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁྲུའི་ཁྲུའུ་ཀྲང་གི་འགན་བཞེས་བཞིན་ཡོད། ཁོང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས“ངས‘རེ་བ’ཞེས་པའི་ཚིག་དེ་ནང་སའི་བོད་ལྗོངས་འཛིན་གྲྭར་དཔེ་བཞག་གི་ཡོད། གང་ལགས་ཤེ་ན། ནང་སའི་བོད་ལྗོངས་འཛིན་གྲྭས་ང་ཚོར་མི་ཚེའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་རྩ་ཆེའི་གོ་སྐབས་དང་རེ་བ་མང་པོ་སྦྱིན་པས་རེད”ཅེས་བརྗོད།

    བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་ལས་ཀ་བྱེད་བཞིན་པའི་ཟླ་བ་དབྱངས་ཅན་ནི་1985ལོར་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་ལོན་མཁན་ཁག་དང་པོའི་སློབ་མའི་གྲས་ཤིག་རེད།

    ཟླ་བ་དབྱངས་ཅན་གྱིས་ལོ་བཅུ་གྲངས་ཁ་ཤས་རིང་ནང་སར་སློབ་གཉེར་བྱས་པས། ང་ཚོའི་མིག་རྒྱང་རིང་དུ་སོང་བ་མ་ཟད། ཤེས་རྒྱ་ཡང་ཆེ་རུ་ཕྱིན་ནས་རང་ཉིད་ཀྱི་མདུན་ལམ་ལ་གདེང་ཚོད་ཀྱིས་ཁེངས་ཡོད། “དེས་ངའི་མི་ཚེ་དོན་སྙིང་ལྡན་པ་དང་ཕུན་སུམ་ཚོགས་སུ་ཕྱིན་སོང་། ངའི་བཟའ་ཟླ་ཡང་དེ་སྔོན་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཡིན། སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་ལོག་རྗེས་ང་ཚོས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར། དེ་བས་མཛེས་སྡུག་ལྡན་པའི་ཕ་ཡུལ་བསྐྲུན་ཆེད་འབད་འཐབ་དང་ཡར་བརྩོན་ཧུར་ཐག་བྱས་ནས། སྐབས་དེ་དུས་ཀྱི་དགེ་རྒན་དང་སྤུན་མཆེད་ཚོའི་རེ་བ་མངོན་འགྱུར་བྱེད་བཞིན་ཡོད”ཅེས་བརྗོད།

    ད་ཆ་ཟླ་བ་དབྱངས་ཅན་གྱི་བུ་ཡང་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་དུ་རྒྱུགས་ལོན་ཏེ་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་མི་རབས་གསར་པར་གྱུར་ཡོད། “སྲིད་ཇུས་བཟང་པོའི་དྲིན་ལས་ང་གཉིས་མ་བུ་གཉིས་ཐུན་མོང་གི་མྱོང་བརྒྱུད་དེ་ལས་སེམས་པ་དེ་བས་གཅིག་ཏུ་སྦྲེལ་ཐུབ། རྒྱུན་དུ་ཁ་པར་གཏོང་རྒྱུ་ཡོད་རུང་ངས་སྐད་ཆ་ཁ་ཤས་ཤོག་བུའི་ཐོག་འབྲི་འདོད་འདུག ལོ་30ཡི་གོང་ང་དང་ཨ་མ་ལགས་ལྟར་སྲོལ་རྒྱུན་གྱི་འཕྲིན་ཡིག་བསྐུར་ནས་སྤེལ་རེས་བྱེད་ཀྱི་ཡོད་པས། འཕྲིན་ཡིག་ལས་ཁྱིམ་གྱི་དྲོ་སྐྱིད་ཚོར་ཐུབ་པ་མ་ཟད། ད་དུང་མདུན་སྐྱོད་ཧུར་ཐག་བྱེད་པའི་སྒུལ་ཤུགས་ཀྱང་སྦྱིན་ཐུབ་པས། བུས་འཕྲིན་ཡིག་ནན་ཏན་ངང་ལྟ་ངེས་རེད”ཅེས་ཟླ་བ་དབྱངས་ཅན་གྱིས་བརྗོད།

    བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་སུའོ་ཀྲང་ནོ་མོ་ནི་དེ་སྔ་ཐེན་ཅིན་ཧུང་ཀོང་སློབ་འབྲིང་གི་སློབ་མ་ཞིག་ཡིན། ད་ཆ་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས་ཁོང་གིས་དུས་ད་ལྟའང་བསམ་ཡུལ་ལས་འདས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འབྲོག་ཁུལ་དུ་སྐྱེས་པ་དང་འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་ཁོང་སློབ་ཆུང་འགྲིམ་སྐབས་ལོ་རིམ་གསུམ་པ་ནས་ལོ་རིམ་ལྔ་པར་ཐད་ཀར་འཕར་བ་དང་དེ་རྗེས་སྟབས་ལེགས་པ་ཞིག་ལ་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་ལོན་པ་རེད།

    ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན་པའི་ནོ་མོས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གསོ་སྐྱོང་གནང་བ་ཆུད་ཟོས་སུ་བཏང་མེད་ལ་ཨ་ཕའི་རེ་བ་ཡང་ཆུད་ཟོས་སུ་གཏན་ནས་བཏང་མེད། ད་ཆ་ཁོང་ལ་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་དང་། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སོགས་ཀྱི་གོ་མིང་ལྡན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི“གཞི་རྩ་གཉིས”ཀྱི་འགག་སྒྲོལ་སྔོན་ཐོན་མི་སྒེར་སོགས་ཀྱི་མཚན་སྙན་ཐོབ་མྱོང་བ་མ་ཟད། 《འབྲི་གུང་བཀའ་བརྒྱུད་ཆོས་མཛོད་ཆེ་མོའི་དཀར་ཆག་བོད་རྒྱ་ཤན་སྦྱར་མ》སོགས་དེབ་20ལྷག་ཙམ་རྩོམ་སྒྱུར་བྱས་པ་དང་བོད་ཀྱི་དམངས་ཁྲོད་སྒྲུང་གཏམ་དེབ་མང་པོ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་ཡོད།

    ནོ་མོས“ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་ནི་ཧ་ཅང་ཡག་པོ་ཞིག་རེད། ང་ཚོའི་བོད་ཀྱི་ཕྲུ་གུ་མང་པོ་ཞིག་ལ་སྲིད་ཇུས་དེའི་ཕན་པ་ཐོབ་ཡོད། ངའི་བསམ་པར་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་མང་ཆེ་བར་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་འགན་འཁྲིའི་བསམ་པ་ཆེན་པོ་ལྡན་ཡོད”ཅེས་བརྗོད།

    ལོ་36གི་རིང་། སྐབས་དེ་དུས་ཕ་ཡུལ་ནས་བྲལ་བའི་གཞོན་ནུ་ཚོ་ནང་སའི་བོད་ལྗོངས་འཛིན་གྲྭ་ནས་ཐོན་ཏེ་རང་སོ་སོའི་ལས་གནས་སུ་བསྐྱོད་ཡོད། སློབ་མ་མི་ཉུང་བ་ཞིག་དེའི་ཁྲོད་ཀྱི་ཕུལ་བྱུང་དུ་གྱུར་ཡོད། ཁོང་ཚོའི་ཁྲོད་མི་མང་པོ་ཞིག་གི་བུ་ཕྲུག་ཀྱང་ད་ཆ་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་གཉེར་བྱེད་པར་བཏང་ནས། རྒྱལ་ཁབ་ཀྱིས་བཏོན་པའི་སློབ་གསོའི་ཐབས་ཇུས་གལ་ཆེན་དེས་ཁོང་ཚོའི་སྐབས་ལྟར་ཕྲུ་གུ་ཚང་མའི་མི་ཚེའི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་རྒྱུ་མ་ཟད། བོད་ལ་གསོན་ཤུགས་གསར་པ་སྣོན་རྒྱུའི་རེ་བའང་བྱེད་བཞིན་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398266501