བོད་ལྗོངས།
བོད་ཀྱིས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་ཁ་ཕྱོགས་ཞིབ་འཇུག་ལས་སྟེགས་བཙུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ནུས་རྒྱུ་གཙང་མའི་རིགས་གཅིག་མཁས་ཅན་ལས་དོན་ས་ཚིགས་དང་ནུས་རྒྱུ་གཙང་མའི་གསར་གཏོད་འཕེལ་རྒྱས་ལྟེ་གནས་ཉེ་ཆར་དངོས་སུ་བཙུགས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ཆེན་ཁོངས་གཏོགས་ཀྱི་ཐཱན་ཉུང་གློག་ཤུགས་མ་ལག་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་བོད་ཀྱིས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་ཞིབ་འཇུག་ལས་སྟེགས་བཙུགས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་ཐབས་དེ་ནི་རྒྱལ་ཁབ་གློག་དྲ་ཀུང་སིའི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་བྱ་སྤྱོད་ཇུས་གཞི་མཚོ་བོད་ས་མཐོར་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་ཁྲིད་འོག་བོད་ཀྱི་ནུས་རྒྱུ་གཙང་མའི་རིགས་གཅིག་མཁས་ཅན་ལས་དོན་ས་ཚིགས་དེ་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་གཉེར་སྐྱོང་དོ་དམ་དང་། ནུས་རྒྱུ་གཙང་མའི་གསར་གཏོད་འཕེལ་རྒྱས་ལྟེ་གནས་དེ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་སྣེ་ཁྲིད་ནས་གཉེར་སྐྱོང་བྱས་པ་ཞིག་ཡིན་པ་དང་། “སྲིད་གཞུང་དང་། ཐོན་ལས། སློབ་སྦྱོང་། ཞིབ་འཇུག བེད་སྤྱོད”བཅས་ཟུང་འབྲེལ་དམ་ཟབ་ཀྱི་བྱེད་ཐབས་བརྒྱུད་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་ཀྱི་འབྲེལ་ཡོད་ཕྱོགས་དང་དེ་བཞིན་གསར་གཏོད་ཐོན་ཁུངས་གཅིག་སྡུད་ཀྱི་ཡིད་དབང་བཀུག་ནས་རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། བོད་ཀྱི་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་ལག་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ས་ཁོངས་ཐོན་ལས་གང་མགྱོགས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱ་རྒྱུ་རེད།

    བོད་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྒྱུན་མཐུད་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ཆུ་དང་། རླུང་། འོད་བཅས་གཙོ་བོར་བྱས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་གསར་སྤེལ་བྱེད་ཤུགས་ཆན་ཝ་དུང་ཕྱུར་10ལྷག་ཙམ་ཟིན་རྒྱུ་རེད། ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་ཞིབ་འཇུག་ལས་དོན་སྤེལ་རྒྱུ་དེ་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཚན་རྩལ་གསར་གཏོད་འཛུགས་སྐྲུན་གྱི་དགོས་མཁོ། དེང་རབས་ཐོན་ལས་མ་ལག་གི་བཀོད་སྒྲིག་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཐུན་པས་དེར་དཔེ་སྟོན་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310055948