བོད་ལྗོངས།
༄༅།།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་གིས་བོད་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་གང་ལེཌ་བྱས་ཡོད།

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་དྲུག་པས་རང་ལྗོངས་སུ་ལྟ་ཞིབ་བྱེད་བཞིན་དུ་བཅོས་སྒྲིག་ལས་དོན་སྤེལ་རིང་། བོད་ལྗོངས་ས་ཁུལ་ཁག་གིས་མཐོང་ཆེན་པོ་བྱེད་པ་དང་བཅོས་སྒྲིག་ཧུར་ཐག་བྱས་ཏེ་གནད་དོན་ཚང་མར་བརྡ་ལན་བྱེད་པ་དང་གནད་དོན་ཚང་མ་དོན་འཁྱོལ་ཐུབ་པ་བྱས་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྐྱོན་རྒྱག་པའི་ཁོར་ཡུག་གནད་དོན་མང་པོ་ཞིག་ཐག་གཅོད་ཏན་ཏིག་ཐུབ་པ་རེད།

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཧའེ་ལེང་སྡེ་ཁུལ་གྱི་ཁང་པ་རྒྱན་བཟོའི་འཛེར་སྒྲས་དམངས་ལ་བསུན་པོ་བཟོས་པ་དང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་སྤྱི་པའི་གསང་སྤྱོད་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཡིན་པ། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་གི་བྱེ་རྡོ་སྔོག་འདོན་བྱས་ནས་སྐྱེ་ཁམས་ལ་གཏོར་སྐྱོན་བཏང་བ་སོགས་ཡིག་འབུལ་ངོ་བཅར་གྱི་གྱོད་དོན་66དུས་ཐོག་ཏུ་ཐག་གཅོད་བྱས་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་ལྷ་ས་སྟོད་ལུང་ཡུང་ཁུན་ཨར་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་སི་ཞེས་པའི་ཁེ་ལས་ཞིག་གིས། དུ་ཞག་དང་ས་རྡུལ་ཕྱིར་འབུད་བྱེད་ཚད་རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒལ་ནས་རླུང་ཁམས་ཆེ་མོར་སྦག་བཙོག་བཟོས་པའི་གནད་དོན་ལ་དམིགས་ནས། སྟོད་ལུང་བདེ་ཆེན་ཆུས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱིས་ཁྲིམས་ལུགས་དང་སྒྲིག་སྲོལ་གཞིར་བཟུང་ཀུང་སི་དེར་དངུལ་ཆད་སྒོར་ཁྲི་ཚོ་བཅུ་བཅད་པ་མ་ཟད། འཕྲལ་མར་བཅོས་སྒྲིག་བྱས་ནས་དུས་བཀག་ལྟར་དུ་ཞག་དང་ས་རྡུལ་གཙང་སེལ་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་། ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་གཞི་མ་ལོན་གོང་ཐོན་སྐྱེད་བྱེད་མི་ཆོག་པའི་བླང་བྱ་བཏོན་པ་རེད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བཀྲ་ཤིས་སྐྱིད་ཚལ་སྡེ་ཁུལ་གྱི་ཆུ་རྫིང་ཞིག་ནང་གད་སྙིགས་ཀྱིས་ཁེངས་ནས། ཆུ་བཤངས་སའི་ཡུར་བུ་འགག་སྟེ་ཆུ་ཁ་མཐོ་རུ་ཕྱིན་པའི་གནད་དོན་ལ་དམིགས་ནས། འབྲེལ་ཡོད་ཚན་པས་འཕྲལ་མར་གད་སྙིགས་གཙང་སེལ་བྱས་ཏེ་ཆུ་ཡུར་བཤངས་པ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་མ་འཇོག་ཀུང་སིས་ས་ཁོངས་དེའི་ཆུ་ལོག་སྔོན་འགོག་ལས་གཞི་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ་མ་ཟད། སྐྱེ་ཁམས་བཅོས་སྐྱོང་བྱས་ནས་གད་སྙིགས་ཕུང་གསོག་ཐེབས་པ་དང་ཆུ་འགྲོ་འགག་པའི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

    མངའ་རིས་ས་ཁུལ་གྱི་སྨན་ཁང་ཁག་ཅིག་ཏུ་སྨན་སྤྱོད་ཆུ་སྙིགས་གཙང་སེལ་མ་བྱས་པར་ཐད་ཀར་ས་འོག་ཆུ་འགྲོར་བཤངས་པའི་གནས་ཚུལ་མང་ཚོགས་ཀྱིས་ཐེར་འདོན་བྱས་ཡོད། དོན་དེར་དེ་གའི་ཁོར་ཡུག་སྲུང་སྐྱོབ་ཅུས་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས། དོ་དམ་ཁྱབ་ཁོངས་ནང་གི་སྨན་ཁང་ཡོངས་རེ་རེ་བཞིན་ཞིབ་བཤེར་བྱས་པ་མ་ཟད་ཁྲིམས་ལུགས་དང་སྒྲིག་སྲོལ་གཞིར་བཟུང་གནད་དོན་ཡོད་པའི་སྨན་ཁང་གསུམ་ལ་སྲིད་འཛིན་སྐྱོན་ཐོ་བཀོད་པ་དང་ཆབས་ཅིག ཆུ་སྙིགས་གཙང་སེལ་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་ཆུ་སྙིགས་གཙང་སེལ་སྒྲིག་བཀོད་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྨན་བཅོས་ཆུ་སྙིགས་ལ་དུག་སེལ་གཙང་སེལ་བྱེད་དགོས་པ་མ་ཟད་རྒྱལ་ཁབ་ཀྱི་ཚད་གཞི་ལོན་རྗེས་གཞི་ནས་ཕྱིར་བཤངས་བྱེད་དགོས་པའི་བཀའ་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྗོང་གི་གསོ་མཁས་གྲོང་ཚོའི་མཉམ་སྡེབ་བྱེ་རྡོ་སྔོག་འདོན་རུ་ཁག་གིས་བྱེ་རྡོ་གང་བྱུང་དུ་སྔོག་འདོན་བྱས་ནས། སྐྱེ་ཁམས་ལ་གཏོར་སྐྱོན་བཏང་བའི་གནད་དོན་ལ་དམིགས་ནས་དེ་གའི་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ས་ཆ་སོགས་ཚན་པས། ཁག་སོ་སོར་ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་དང་སྲིད་འཛིན་སྐྱོན་ཐོ་འགོད་པའི་གཏན་འབེབས་གསོ་མཁས་གྲོང་ཚོར་གཤམ་སྤྲོད་བྱས་ཏེ། འཕྲལ་མར་ཐོན་སྐྱེད་བྱེད་མཚམས་བཞག་ནས་སྐྱེ་ཁམས་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ད་བར་གྲོང་ཚོ་དེས་ས་ཁོད་སྙོམས་པ་དང་རྩྭ་འདེབས་པ། ཆུ་སྙིགས་དྭངས་འབྱེད་རྫིང་བུ་བསྐྲུན་པ་སོགས་བྱས་པ་དང་། བདེ་འཇགས་ཀྱི་སྔོན་ཚུད་གདེང་འཇོག་དང་ས་ཆུ་སྲུང་འཛིན་ཇུས་གཞི་བཟོས་ཟིན་ནས་གོ་རིམ་བཞིན་གོང་ལ་ཆོག་མཆན་རེ་ཞུའི་འགྲོ་ལུགས་གཉེར་བཞིན་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366180461