བོད་ལྗོངས།
༄༅།།བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི་GDPཡི་བཞི་ཆ་གཅིག་བཟུང་བ།

    ཟླ་9ཚེས་12ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། 2012ལོ་ནས་2016ལོ་བར་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་8236.06ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1108.33བྱུང་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དེ་གཞི་ཁྱོན་དཔལ་འབྱོར་དུ་རགས་ཙམ་གྱུར་ཞིང་། ལྷ་སའི་ཞོ་སྟོན་མཚོན་བྱེད་དུ་བྱས་པའི་བོད་ལྗོངས་ཀྱི་ཁྱད་ལྡན་དུས་ཆེན་ཡུལ་སྐོར་གྱི་སྤུས་རྟགས་སུ་བཏོད་པ་དང་ཡུལ་སྐོར་རིག་གནས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་སའི་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    འདི་ལོའི་ཟླ་བརྒྱད་པ་བར་བོད་ལྗོངས་ཀྱི་རིགས་ཁག་གི་ཡུལ་སྐོར་ཁེ་ལས་2809ཟིན་པ་དང་། ཡུལ་སྐོར་གྱི་ལས་ཞུགས་མི་སྣ་ཁྲི་35ཟིན་པ། ཡུལ་སྐོར་རླངས་འཁོར་3235ཟིན་པ། རྒྱལ་ཁབ་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་1139(2017ལོའི་རྒྱལ་ཡོངས་ཀྱི་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུའི་རིང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གསར་དུ་མཆན་འགོད་བཀའ་ལན་གནང་བའི་A5རིམ་པའི་མཛེས་ལྗོངས་ཁུལ་གཉིས་དང་། A5རིམ་པའི་མཛེས་ལྗོངས་ཁུལ་4ཚུད་པ)ཡོད་པ། མཛེས་ལྗོངས་གྲགས་ཅན་16ཡོད་པ། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་3དང་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་2ཡོད་པ། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་5ཡོད་པ། ལས་རིགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་པ་བཅས་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲེན་གཡོད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་། 2016ལོ་ཁོ་ནར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315.94ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་330.75བྱུང་བ་དེ་ནི་2012ལོའི་ལྡབ་2.6ཡིན་པ་རེད། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་དེ་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་27%ཙམ་དང་ཧ་ལམ་འདྲ་པོ་ཡོད། ཡུལ་སྐོར་ལས་རིགས་ཀྱིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་གྱིས་དམངས་ཕན་དམངས་ཕྱུག་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366206401