བོད་ལྗོངས།
༄༅།།བོད་ཀྱིས་ཁོར་ཡུག་ལྟ་བཤེར་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ།

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་རང་ལྗོངས་སུ་བཅའ་སྡོད་བྱས་ཚུན། ལྷ་ཀླུ་འདམ་རའི་འབྲེལ་ཡོད་ཡིག་བསྐུར་ངོ་བཅར་གྱོད་གཞིར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་དོ་ཁུར་བྱེད་པ་དང་། འབྲེལ་ཡོད་གནད་དོན་སྤྱིར་ན་ཐག་གཅོད་འོས་འཚམ་བྱས་པ་རེད། ཉིན་ཤས་གོང་། མང་ཚོགས་ཀྱིས་སླར་ཡང་ལྷ་ཀླུ་འདམ་རར་སྒྲིག་འགལ་ངང་སྡོད་ཁང་འཛུགས་སྐྲུན་བྱེད་པའི་གནད་དོན་ཐོན་པ་རེ་ཞུ་བྱས། ལྷ་ས་གྲོང་ཁྱེར་གྱིས་སྔར་བཞིན་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལས་སྒྲུབ་པའི་ལས་དོན་ཚོགས་ཆུང་གནས་ཚུལ་ཐོན་ཡུལ་དུ་ཞིབ་དཔྱད་བྱེད་པར་མངགས། ཞིབ་དཔྱད་བྱས་རྗེས་ཤེས་རྟོགས་བྱུར་བར། 2005ལོ་ནས་ད་བར་ལྷ་ཀླུ་འདམ་རའི་ནང་སྡོད་ཁང་འཛུགས་སྐྲུན་བྱས་མེད་རུང་། ཚོད་ལྟ་ཁུལ་དུ་སྒྲིག་འགལ་སྡོད་ཁང་2བསྐྲུན་ཡོད་པ་ལས། གཅིག་ནི་2017ལོའི་ཟླ་8ཚེས་2ཉིན་བཤིག་རྒྱུ་དང་། གཞན་ཞིག་ནི་2018ལོའི་ཟླ་3ཚེས་12ཉིན་གོང་བཤིག་རྒྱུ་དང་སྣོད་བཅུད་སླར་གསོ་བྱེད་རྩིས་ཡོད་པ་དེ་རེད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད(2013ལོ་ནས་2025ལོ་བར)》ལག་ལེན་ཧུར་ཐག་བསྟར་ཏེ་མ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་བཏང་ནས་འདམ་རའི་སྲུང་སྐྱོང་ཁུལ་གྱི་སྡོད་ཁང་སྤོ་བ་དང་ལམ་ཡུར་གྱི་སྣོད་བཅུད་སླར་གསོ་སོགས་ཀྱི་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཐོག་འདམ་ར་སྲུང་སྐྱོང་ཁུལ་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་འདམ་རའི་ཁྱབ་ཁོངས་སུ་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་ཀྱི་རྣམ་གྲངས་གཏན་འགོག་མཐའ་གཅིག་བྱ་རྒྱུ་རེད།

    ཉིན་ཤས་གོང་མང་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མང་མཚོ་གྲོང་ཚོའི་ཞིང་ཁའི་ནང་སོ་ཕག་བཟོ་གྲྭ་བརྒྱབ་པའི་གནས་ཚུལ་སྙན་སེང་ཞུས། གནད་དོན་དེར་དམིགས་ཏེ་ལྷུན་རྩེ་རྫོང་མི་དམངས་སྲིད་གཞུང་གིས་བློ་བཟང་བཀྲ་ཤིས་སོ་ཕག་བཟོ་གྲྭར《བཀག་སྡོམ་བརྡ་ཐོ》བཏང་བའི་ཐོག ཟླ་9ཚེས་22ཉིན་གོང་བཟོ་གྲྭའི་འཕྲུལ་འཁོར་དང་སྒྲིག་ཆས་ཆ་ཚང་བཤིག་ནས་སོ་ཕག་བཟོས་མ་གང་མགྱོགས་ཐག་གཅོད་བྱས་ཏེ་ལས་ཡུལ་གཙང་སེལ་བྱེད་དགོས་པའི་བཀའ་བཏང་བ་རེད། ལྷུན་རྩེ་རྫོང་རྒྱལ་ཁབ་ས་ཆ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཆ་དོ་དམ་བཅའ་ཁྲིམས་སྐོར་གྱི་ལག་བསྟར་སྲོལ་ཡིག》གཞིར་བཟུང་སོ་ཕག་བཟོ་གྲྭ་འདིར《སྲིད་འཛིན་ཆད་གཅོད་ཡི་གེ་2017ལོའི་ཨང་01》བཏང་ནས་དངུལ་ཆད་སྒོར་5600བཏང་བ་རེད། ཟླ་9ཚེས་20ཉིན་ལྷུན་རྩེ་རྫོང་མང་མཚོ་གྲོང་ཚོའི་ཚོགས་ཆུང་བཞི་པའི་བློ་བཟང་བཀྲ་ཤིས་ཀྱི་སོ་ཕག་བཟོ་གྲྭར་གྱང་བརྩིགས་ནས་ཁང་པ་བཤིག་པ་མ་ཟད། འཕྲུལ་འཁོར་དང་སྒྲིག་ཆས་ཆ་ཚང་སྤོས་ཏེ་ལས་ཡུལ་དུ་ཞིང་ཁ་འདེབས་འགོ་ཚུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366370321