བོད་ལྗོངས།
ལྷ་ས་གྲོང་ཁྱེར་གྱིས“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”གྱི་རྒྱལ་ཁབ་དཔེ་སྟོན་ཁུལ་བཏོད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

    2016ལོའི་ལོ་འགོར་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་ཁག་དང་པོའི“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བཏོད་པའི་ཚན་པའི”མིང་གཞུང་ནང་ཚུད་པ་ལས་ལྷ་སའི་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་གསར་པ་ཐོབ་པ་དང་། ལོ་གཅིག་ལྷག་རིང་ལྷ་ས་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྒྱལ་ཁབ་དཔེ་སྟོན་ཁུལ་གཏོད་རྒྱུ་ལྟེ་བར་བྱས་ནས་ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཡོད།

    ཡུལ་སྐོར་སྣེ་ལེན་བྱེད་ནུས་ཆེས་ཆེར་ཕྱིན་ཞིང་། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1455.68ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་221མང་དུ་ཕྱིན་ནས་17%འཕར་བ་རེད། ལྷ་ས་གྲོང་ཁྱེར་ལ་ཡུལ་སྐོར་ཐོན་ལས་གླིང་2དང་། Aརིམ་པའི་མཛེས་ལྗོངས་ཁུལ་20 སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)141 ཡུལ་སྐོར་ལས་དོན་ཁང་200 ཆེད་ལས་སྣེ་ཤན་པ་3200 ཡུལ་སྐོར་གྱི་རིག་རྩལ་ལེ་ཚན་5 ཡུལ་སྐོར་གྲོང་ཚོ་དང་གྲོང་རྡལ་5བཅས་ཡོད་ཅིང་། ཡུལ་སྐོར་ཐོན་ལས་ཀྱི་ལས་ཀ་བྱེད་མཁན་ཁྲི་11.33ཡོད་པའི་ནང་ཞིང་འབྲོག་པ་ཁྲི་2ཟིན་གྱི་ཡོད། ལྷ་ས་གྲོང་ཁྱེར་ལ“རྒྱལ་སྤྱིའི་ཡིད་དབང་འཕྲོག་ཤོས་ཀྱི་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི“ཨེ་ཤེ་ཡ་ཤར་མ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་དུ་དགའ་ཤོས་བྱེད་པའི་གྲོང་ཁྱེར”གཅིག་པུ་དེར་བདམས་ཐོན་བྱུང་ཡོད།

    ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་ཞིང་། རིག་གནས་དང་ཡུལ་སྐོར་གཙོ་འཁྲིད་ཐོན་ལས་སུ་བྱེད་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་དང་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་རིག་གནས་ཡུལ་སྐོར་ཐོན་ལས་གླིང་སྔ་རྗེས་སུ་སྐྲུན་འགོ་ཚུགས་པ་དང་། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པ་ལྷ་སའི་ཡུལ་སྐོར་གྱི“མིང་བྱང་གསར་པར”གྱུར་བས་ལོར་ཡུལ་སྐོར་གྱི་ཡོང་འབབ་30%འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། དངོས་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དང་། བོད་ཀྱི་དཔེ་ཆའི་རྟེན་རྫས་བཤམས་མཛོད་ཁང་། སྲོང་བཙན་མགྲོན་ཁང་། རིག་ནུས་ཡུལ་སྐོར་རྣམ་གྲངས་སོགས་ཡུལ་སྐོར་ཐོན་ལས་རྣམ་གྲངས་གཙོ་བོ་དག་འཛུགས་སྐྲུན་བྱས་ཤིང་། 2017ལོ་ནས་བཟུང་ཡུལ་སྐོར་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་127.8བཏང་བ་དེ་འཕར་ཚད་15%ཟིན་པ་དང་། རྣམ་གྲངས་སྤྱིའི་འཕེལ་རིམ་གྱི་51%ལེགས་སྒྲུབ་ཟིན་ཡོད།

    གྲོང་གསེབ་ཀྱི་ཡུལ་སྐོར་ལ་ཕན་འབྲས་གསར་པ་ཐོན་པ། མལ་གྲོ་གུང་དཀར་རྫོང་གི་གུང་དཀར་གྲོང་ཚོ་དང་། སྙེ་མོ་རྫོང་གི་ཐོན་པ་གྲོང་ཚོ། ཚལ་གུང་ཐང་ཤང་གི་ཀྲི། དོག་སྡེ་ཤང་འོད་པ་གྲོང་ཚོ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་5བསྐྲུན་རྒྱུའི་ལས་དོན་སྔ་རྗེས་སུ་འགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་སྟག་གདོང་གྲོང་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ལག་ལེན་བསྟར་བ། “སྲིད་གཞུང་+དམངས་གཉེར་ཁེ་ལས་+གྲོང་མིའི་མཉམ་ལས་ཁང”འཕེལ་རྒྱས་གཏོང་སྟངས་གསར་པ་བཏོད་པ་དང་། རྣམ་གྲངས་ལས་གཉེར་བྱས་རྗེས་དུད་ཚང་དབུལ་པོའི་མི་100ཙམ་སྣེ་ཁྲིད་བྱས་པ་དང་མི་78ཀྱི་ལས་ཞུགས་ཐག་གཅོད་བྱས་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་1.536བཏང་ནས“ལྷ་སའི་གནས་ཚང”160བསྐྲུན་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྔར་བས་སྐུལ་མ་གཏོང་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367907771