བོད་ལྗོངས།
བོད་ལྗོངས་ཆབ་མདོའི་རྒྱལ་མོ་རྔུལ་ཆུའི་ལུང་གཞུང་དུ་གསའི་རིགས་ཁྱུ་པར་ལེན་ཐུབ་པ།

    དམར་ཕྱིའི་པར་ལེན་འཕྲུལ་ཆས་ཀྱིས་ཟླ་11ཚེས་14ཉིན་རི་ཐང་ཁུལ་དུ་པར་ལེན་བྱས་པའི་གསའ་དང་གསའ་ཕྲུག ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྲིད་གཞུང་དང་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་གཉིས་ཀྱིས་མཉམ་དུ་སྤེལ་བའི་རྒྱལ་མོ་རྔུལ་ཆུའི་ལུང་གཞུང་གི་སྐྱེ་དངོས་སྣ་མང་ཅན་གྱི་ལྟ་ཞིབ་ཚད་ལེན་ལས་གསལ་བར། དམར་ཕྱིའི་པར་ལེན་འཕྲུལ་ཆས་ཀྱིས་ཆབ་མདོའི་རྒྱལ་མོ་རྔུལ་ཆུའི་ལུང་གཞུང་དུ་གསའི་རིགས་ཁྱུ་པར་ལེན་ཐུབ་ཡོད།

    གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་སྲོག་ཆགས་ཡིན་པ་དང་། 1996ལོར《ཀྲུང་གོའི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ》ནང་བཅུག་ཡོད།

    རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་ངོ་སྤྲོད་ལ་གཞིགས་ན། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ཁུལ་ནི་སྟེང་ཆེན་རྫོང་གཏམ་སྟོད་ཤང་ནང་ཁོངས་སུ་ཡིན་པ་དང་། དུས་ཚོད་ནི་2017ལོའི་ཟླ་11ཚེས་1ཉིན་ནས་འགོ་བཙུགས་པ་དང་དུས་ཡུན་ཟླ་བ་གཅིག་གི་ལྟ་ཞིབ་ཚད་ལེན་རིང་། ལྟ་ཞིབ་ཚད་ལེན་མི་སྣ་འབྲོག་པ་16གིས་སྤྱི་ལེ་གྲུ་བཞི་མ་100ལྷག་ཙམ་གྱི་ཁྱབ་ཁོངས་སུ་དམར་ཕྱིའི་པར་ལེན་འཕྲུལ་ཆས་20བསྒྲིགས་ཤིང་། ཁྱོན་གསའ་འགུལ་སྐྱོད་བྱེད་པའི་བརྙན་རིས་ཐེངས་26བླངས་ཡོད་པ་རེད།

    དམར་ཕྱིའི་པར་ལེན་འཕྲུལ་ཆས་ཀྱིས་ཟླ་12ཚེས་3ཉིན་རི་ཐང་ཁུལ་དུ་པར་ལེན་བྱས་པའི་གསའ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    “ལྟ་ཞིབ་ཚད་ལེན་ནང་གསའ་ཨ་མས་གསའ་ཕྲུག་འཁྲིད་པའི་བརྙན་རིས་ཐེངས་མང་པར་ལེན་ཐུབ་ཡོད། དེའི་ཐོག་ནས་ས་ཁོངས་དེར་གསའི་རིགས་ཁྱུ་གྲངས་འབོར་ངེས་ཅན་ཞིག་ཡོད་པ་མཚོན་ཐུབ་པས་མུ་མཐུད་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་འོས་པ་ཞིག་རེད”ཅེས་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་རྣམ་གྲངས་ཀྲུའུ་རེན་ཀྲའོ་ཞང་གིས་གསར་འགོད་པར་བརྗོད།

    “དེ་སྔོན་གྱི་བརྟག་དཔྱད་ལ་གཞིགས་ན། གསའ་ནི་བོད་རང་སྐྱོང་ལྗོངས་སུ་གཙོ་བོ་ཇོ་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་ཁོངས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ད་ཐེངས་མི་འབོར་འདུས་ཚད་ཧ་ཐང་མཐོ་བའི་རྒྱལ་མོ་རྔུལ་ཆུའི་ལུང་གཞུང་དུ་གསའི་རིགས་ཁྱུ་རྙེད་པས་ས་ཁོངས་ནང་གི་མི་དང་རང་བྱུང་ཁམས་མཉམ་གནས་བྱེད་པའི་འབྲེལ་བ་ལེགས་པོ་ཡོད་པ་མཚོན་པ་དང་། སྟེང་ཆེན་གྱི་སྣོད་བཅུད་སྲུང་སྐྱོབ་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་འཇིགས་མེད་ཀྱིས་བརྗོད།

    དམར་ཕྱིའི་པར་ལེན་འཕྲུལ་ཆས་ཀྱིས་ཟླ་12ཚེས་3ཉིན་རི་ཐང་ཁུལ་དུ་པར་ལེན་བྱས་པའི་གསའ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    གཞན་ཡང་། དམར་ཕྱིའི་པར་ལེན་འཕྲུལ་ཆས་ཀྱིས་ད་དུང་ས་ཁོངས་དེའི་ནང་དྲེད་མོ་དང་ཝ་དམར། ཨོག་དཀར་སོགས་ཤ་གཟན་སྲོག་ཆགས་དང་། ཤ་དམར་དང་གནའ་བ། རྒྱ་ར། གླ་བ་སོགས་རྩྭ་གཟན་སྲོག་ཆགས་ལྟ་ཞིབ་ཚད་ལེན་ཐུབ་ཡོད་པས་ས་ཁོངས་དེར་ཆ་ཚང་བའི་སྣོད་བཅུད་མ་ལག་ལྡན་པ་མཚོན་ཐུབ།

    སྟེན་ཆེན་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་དུ་གནས་ཤིང་། བོད་ཤར་གྲོག་རོང་ཁུལ་ཡིན་པའི་ཆ་ནས་བྱང་རྩྭ་ཐང་ནས་འཕྲེད་བཅད་རི་རྒྱུད་དུ་བར་བརྒལ་བྱེད་པའི་ས་བབ་ལྡན་པས་དམིགས་བསལ་ཁྱད་ཆོས་ལྡན་པའི་ལུང་གཞུང་དང་གངས་རི། རྩྭ་ཐང་། དེ་བཞིན་འཁྱགས་རོམ་སོགས་རང་བྱུང་ཡུལ་ལྗོངས་གྲུབ་ཡོད། སྣ་མང་རང་བྱུང་ཡུལ་ལྗོངས་ལས་སྟེང་ཆེན་ལ་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་ལྡན་པས་སྣོད་བཅུད་ཀྱི་གནས་བབ་དང་སྲུང་སྐྱོབ་རིན་ཐང་གལ་ཆེན་ལྡན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། སྟེང་ཆེན་རྫོང་གིས་མུ་མཐུད་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་བསྐྲུན་ནས་ས་ཁོངས་སྣོད་བཅུད་ཞིབ་འཇུག་དང་སྲུང་སྐྱོབ་ལས་དོན་ཟམ་མི་ཆད་པར་སྤེལ་རྒྱུ་དང་། བྱ་ཐབས་དེ་བརྒྱུད་སྣོད་བཅུད་མ་ལག་གི་སྤུས་ཚད་དང་བརྟན་པའི་རང་བཞིན་མུ་མཐུད་གོང་མཐོར་བཏང་ནས་བོད་ཤར་ས་ཁོངས་ཀྱི་སྣོད་བཅུད་སྲུང་ཡོལ་ཧུར་བརྩོན་ཆེན་པོས་གསར་བཟོ་བྱ་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368401161