བོད་ལྗོངས།
བོད་ཀྱི་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་གྲུབ་འབྲས་མངོན་གསལ་དོད་པ།

    གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་ཀྱིས་2015ལོ་ནས་བཟུང་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་ཏེ་མིག་སྔའི་བར་མུའུ་ཁྲི་17ལེགས་གྲུབ་ཟིན་པ་དང་། བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.63དོན་འཁྱོལ་བྱས་པ་ལས། ཤིང་སོན་བཙུགས་ནས་ནགས་གསོར་སྒོར་དུང་ཕྱུར་0.63དང་སྲིད་ཇུས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1ཟིན་ཏེ་དུད་ཚང་34975ཡི་ཞིང་འབྲོག་མང་ཚོགས་199298ལ་ཕན་པ་ཐོབ་པ་ལས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་13463གྱི་མི་65021ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདུ་འགོད་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་རྫོང་ཆུས་35རུ་ཁྱབ་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི(2017ལོ་ནས་2020ལོའི་བར)》ཀྱི་བླང་བྱ་གཞིར་བཟུང་། བོད་ལྗོངས་ཀྱིས་ས་ཁུལ་དབུལ་པོ་གཙོ་བོའི་ཏུའུ་15ཡན་གྱི་གྱེན་ཐུར་རྨོ་ཞིང་དང་བྱེ་འགྱུར་ཚབས་ཆེ་བའི་རྨོ་ཞིང་ལ་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་འབྲེལ། 2018ལོ་ནས་2019ལོའི་བར་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་འགན་མུའུ་ཁྲི་15.536མང་དུ་གཏོང་རྒྱུ་ཡིན་པ་རེད།

    རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་པ་བརྒྱུད། རྩི་ཤིང་དང་སྔོ་ཁེབས་ཁྱབ་ཚད་ཆེ་རུ་སོང་ནས་བྱེ་རླུང་གི་གནོད་འཚེ་ཉུང་དུ་ཕྱིན་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་སོང་བ་དང་སྣོད་བཅུད་སྲུང་སྐྱོང་གི་འཛུགས་སྐྲུན་ལ་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཡང་ཆེ་རུ་ཕྱིན་ནས་སྣོད་བཅུད་སྔོ་འགྱུར་དང་ཞིང་འབྲོག་པའི་འབབ་འཕར་གྱི“གཉིས་ཁེའི”རྣམ་པ་བཏོད་ཁར། “ཞིང་པར་ཕན་པ་ཐོབ་རྒྱུ་དང་། སྣོད་བཅུད་ལ་སྲུང་སྐྱོང་ཐུབ་རྒྱུ། ནགས་ལས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་སྟེ། རང་ལྗོངས་ཀྱི་ནགས་ལས་དང་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368510201