བོད་ལྗོངས།
ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ལྟ་བཤེར་བྱས་ཚུལ་སྐོར་ཚུར་ལན་བྱས་པ།

    ཟླ་1ཚེས་3ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ལྟ་བཤེར་བྱས་ཚུལ་སྐོར་ཚུར་ལན་གྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

    ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད། 2017ལོའི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་ལ་ལྟ་བཤེར་བྱས་པ་དང་འབྲེལ་ལྟ་བཤེར་གྱི་བསམ་འཆར་ཡང་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ལྟ་བཤེར་ཚོགས་ཆུང་གིས་2018ལོའི་ཟླ་1ཚེས་3ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྲིད་གཞུང་ལ་གནས་ཚུལ་ཚུར་ལན་བྱས་པ་རེད།

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་ཅང་ཅུས་ཧྥུང་གིས་ལྟ་བཤེར་བསམ་འཆར་བརྡ་ཁྱབ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བསུ་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་རྣམ་འགྱུར་སྟོན་པའི་གཏམ་བཤད་གནང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་གཞོན་པ་ཀྲའེ་ཆིང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཞུགས་པ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཙེང་དབན་མིང་། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཞུགས་པ་རེད།

    ལྟ་བཤེར་ཚོགས་ཆུང་གིས་ངོས་འཛིན་བྱས་དོན། 2013ལོ་ཚུན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་པ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མངགས་བཅོལ་ཟབ་མོ་བློ་ལ་བཅངས་པ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་བོད་འཕེལ་རྒྱས་མྱུར་པོར་སྤྱི་འདོམས་བྱེད་པའི་འཐབ་ཇུས་གལ་ཆེན་ལ་བརྩིས་ནས་ངོས་འཛིན་དང་བཀོད་སྒྲིག་བྱས་པར་བརྟེན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ལ་སྣོད་བཅུད་ཁོར་ཡུག་ཡག་པོ་ཞིག་ཀྱང་རྒྱུན་འཁྱོངས་ཐུབ་ཡོད། 2013ལོའི་ཚུན《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང་། 《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2014ལོ་ནས་2030ལོའི་བར)》སྔ་རྗེས་སུ་བཀྲམ་ནས། འཛུགས་སྐྲུན་གྱི་དམིགས་ཚད་ཆེན་པོ་ལྔ་གཏན་འཁེལ་བྱས་པ་དང་། འཛུགས་སྐྲུན་གྱི་ལས་འགན་ཆེན་པོ་དགུ་བཏོན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་སྐོར་གྱི་གཏན་འབེབས》དང《ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ལས་དོན་ཁྲོད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱེད་དགོས་པའི་སྐོར་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་ལེན)》སོགས་གཏན་འབེབས་སྔ་རྗེས་སུ་བཏོན་ནས་རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ལ་ལྟ་སྐུལ་དོ་དམ་བྱ་ཐབས》བཟོས་ཏེ་ལག་ལེན་བསྟར་བ་དང་ཆབས་ཅིག གཏེར་ལས་དབང་ཆ་ཡོངས་ཀྱི་བཀོད་སྒྲིག་དང་ནང་བཤུག་ཐད་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”མཆན་འགོད་ལམ་ལུགས་ལག་ལེན་བསྟར་ནས་གཏེར་ཁ་སྔོག་འདོན་བྱས་པ་ལས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་གནས་ཚུལ་མ་བྱུང་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད། སྣོད་བཅུད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་192.67དོན་འཁྱོལ་བྱས་པ་དང་། སྣོད་བཅུད་སྲུང་སྐྱོང་གི་སྲིད་ཇུས་རང་བཞིན་གྱི་ལས་གནས་ཁྲི་70མཁོ་འདོན་བྱས་ནས་མང་ཚོགས་དབུལ་པོ་སྔར་བས་མང་པོས“སྣོད་བཅུད་ཟས”ཟ་ཐུབ་པར་བྱས་ཡོད།

    མཁའ་རླུང་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་དང་ས་ཁུལ་7གྱི་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)གནས་ཡུལ་དུ་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་ཉེན་ཡོད(སྨན་བཅོས)ཟོག་རོ་གཅིག་སྡུད་ཐག་གཅོད་ལྟེ་གནས་བསྐྲུན་པ་དང་། ལྷ་ས་གྲོང་ཁྱེར་དུ་རང་རྒྱལ་གྱི་ས་མཐོའི་གད་སྙིགས་མེར་བསྲེགས་གློག་གཏོང་ཁང་དང་པོ་དེ་བསྐྲུན་ཡོད། ཐོན་སྐྱེད་རྗེས་ལུས་ཀྱི་ཨར་འདམ་ཏུན་ཁྲི་153དང་། རྡོ་སོལ་ཁྲོ་ཐབ་267 བེད་མེད་རྟགས་སེར་རླངས་འཁོར་ཁྲི་1.2བཅས་མེད་པར་བཟོས་ཡོད། འབད་བརྩོན་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྤུས་ཚད་སྤྱིར་ཡག་ཏུ་སོང་ཡོད། 2017ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་ངོས་བཅད་མཚམས་ཀྱི་ཆུ་སྤུས་ལོན་ཚད་100%ཟིན་པ་དང་། གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་7གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་95.7%ཟིན་པ། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་74ཡི་ཁྲོད་ཨང་གཉིས་པར་སླེབས་ཡོད། ཀྲུང་གོ་ཚན་རིག་ཁང་གི《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ(2008ལོ་ནས་2014ལོའི་བར)ཡི་འཛུགས་སྐྲུན་ཕན་འབྲས་ཚོད་སྐོར》ལས་མངོན་པར་གཞིགས་ན། བོད་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་ཁྱོན་ཡོངས་ནས་བརྟན་པོ་ཡོད་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་འཁྱོངས་ནུས་ལྡན་བྱུང་བས། བོད་ནི་སྔར་མུས་བཞིན་གོ་ལ་ཧྲིལ་པོའི་ཆེས་གཙང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྟ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པའི“ཆ་བགོས་འགན་གཙང་ལེན་པའི་འགན་འཁྲིའི”ལམ་སྲོལ་བཙུགས་པ་དང་། སྨྱན་སྦྱོར་གཙོ་བོའི་ཐོག་མིང་དམར་འདོན་བྱས་ཏེ་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་ཡོངས་བསྒྲགས་སུ་བརྡ་ཁྱབ་བཏང་ཡོད། 2017ལོའི་ཟླ་10ཚེས་31ཉིན་བར་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་ཁོར་ཡུག་གི་གནད་དོན་ཐེར་འདོན་གྱོད་གཞི་1022ནང་ནས་གྱོད་གཞི་1020ཐག་གཅོད་བྱས་ཡོད། དེའི་ནང་གྱོད་གཞི་882ལ་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་། ཐོ་འགོད་གྱོད་གཞི་784ལ་དངུལ་ཆད་བཏང་བ་དང་། དངུལ་ཆད་སྒོར་ཁྲི་2787ཟིན་པ། ཐོ་འགོད་གྱོད་གཞི་2ལ་མྱུལ་ཞིབ་བྱས་པ། མི་2བཀག་ཉར་བྱས་པ། མི་232སྐོང་འདྲི་བྱས་པ། མི་148ཀྱི་འགན་འཁྲི་བདའ་འདེད་བཏང་ཡོད།

    ལྟ་བཤེར་ཚོགས་ཆུང་གིས་མི་རིགས་ཀྱི་མཐའ་མཚམས་ས་ཁུལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བཅས་གལ་ཆེན་ཞིག་ཡིན་པའི་བོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ནང་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། ད་ཕན་ལོ་ཤས་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་མོད། འོན་ཀྱང་བོད་ཀྱི་དམིགས་བསལ་གནས་བབ་གལ་ཆེན་དང་། ཀྲུང་དབྱང་གི་བླང་བྱ། མང་ཚོགས་ཀྱི་རེ་སྒུག་བཅས་དང་བསྡུར་ན་ད་དུང་ཧེ་བག་ཡོད། མི་འདང་ས་གཙོ་བོ་གཤམ་གསལ་ཏེ།

    གཅིག་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མི་འདང་ཞིང་། ལྟ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བར། ལས་བྱེད་པ་མི་ཉུང་བས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་གལ་ཆེའི་རང་བཞིན་ལ་ད་དུང་ངོས་འཛིན་གཏིང་ཟབ་བྱུང་མེད་པ་དང་། རང་བྱུང་གི་སྣོད་བཅུད་ཡག་པོ་ཁོ་ནར་ཡིད་ཚིམ་ནས་སྡོད་ཅིང་། ཁོ་ཚོས་བོད་ཀྱི་ས་རྒྱ་ཆེ་བ་དང་། སྣོད་བཅུད་ཀྱི་རྨང་གཞི་ཡག་པ། ཁོར་ཡུག་གི་ཤོང་ཚད་ཆེ་བ་བཅས་ཡོད་པས་སྦགས་བཙོག་དང་གཏོར་སྐྱོན་ཅུང་ཟད་ཕོག་པར་ཧ་ལས་རྒྱུ་གང་ཡང་མེད་པའི་ངོས་འཛིན་པ་དང་། ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ས་གནས་དང་སྡེ་ཚན་མི་ཉུང་བར་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་འདང་གི་མེད་པ་དང་། ས་གནས་དང་སྡེ་ཚན་འགའ་ཞིག་གིས་འཕེལ་རྒྱས་དང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱུང་མེད་པ། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད་རེ་བ་ནན་པོ་མེད་པ། སྣོད་བཅུད་སྲུང་སྐྱོང་ལ་བརྩི་མཐོང་བྱེད་ཚད་ཀྱིས་བྱས་འབྲས་དཔྱད་ཞིབ་ཁྲོད་བཟུང་བའི་བསྡུར་ཚད་མཐོ་པོ་མེད་པ་དང་སྣོད་བཅུད་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པ”དེ་རྣམ་པ་ཙམ་དུ་ལུས་པ། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱ་ཐབས》ལག་བསྟར་ཞིབ་ཕྲ་བྱེད་པའི་བརྒྱུད་རིམ་ནང་རེ་བ་དམའ་རུ་བཏང་བ་དང་དཔྱད་ཞིབ་ནན་པོ་མ་བྱས་པའི་གནད་དོན་སོགས་ལྷག་ཅིང་། 2016ལོའི་དཔྱད་ཞིབ་ཞིབ་སྲོལ་གྱི་ཆ་རྐྱེན་དང་མི་མཐུན་པའི་རྫོང་7དཔྱད་ཞིབ་བྱེད་རིང་ཚད་ལོན་པའི་ཁོངས་སུ་བརྩིས་པ་ལས་དཔྱད་ཞིབ་ལ་ལྡན་དགོས་ངེས་ཀྱི་ནན་པོའི་རང་བཞིན་མེད་པར་གྱུར་ཡོད།

    ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཁག་གཅིག་ལ་སྐུལ་འདེད་གཏོང་རྒྱུ་རྗེས་ལུས་ཐེབས་ཤིང། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ལྟ་བཤེར་ཚོགས་ཆུང་བཅའ་སྡོད་བྱེད་ཉེར་ཡོད་པའི་མཚམས་སུ་མ་གཏོགས་ཨར་ཡུལ་གྱི་ཐལ་རྡུལ་ཚོད་འཛིན་ལས་དོན་གྱི་ཇུས་གཞི་བཀྲམ་མེད་པས། ལྗོངས་ཡོངས་ཀྱི་ཨར་ཡུལ་གྱི་ཐལ་རྡུལ་ཚོད་འཛིན་ལས་དོན་རྗེས་ལུས་ཤུགས་ཆེན་ཐེབས་པ་དང་། ནག་ཆུ་ས་ཁུལ་གྱི་འཛུགས་སྐྲུན་ཨར་ཡུལ་གྱི་ཐལ་རྡུལ་སྦགས་བཙོག་གནད་དོན་དུས་ཡུན་རིང་པོར་ཐག་གཅོད་ནུས་ལྡན་བྱུང་མེད། རྒྱལ་ཁབ་ཀྱིས་2014ལོའི་ལོ་མཇུག་གོང་དུ་སྣུམ་རླངས་ཚུར་བསྡུ་བཅོས་སྒྲིག་ལས་དོན་སྒྲུབ་ཚར་དགོས་པའི་བླང་བྱ་བཏོན་མོད། འོན་ཀྱང་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འབྲེལ་ཡོད་ལས་དོན་གྱི་འཕེལ་རིམ་དལ་བས། ལྗོངས་ཡོངས་ཀྱི་སྣུམ་སྣོན་ས་ཚིགས་255རུ་ལྟ་བཤེར་བྱེད་སྐབས་སྣུམ་སྣོན་ས་ཚིགས་83གྱིས་མ་གཏོགས་བཅོས་སྒྲིག་ལས་དོན་སྒྲུབ་ཚར་མེད། རང་སྐྱོང་ལྗོངས་ཀྱི་སྲིང་གཞུང་གཞུང་དོན་ཐིང་གིས་2015ལོའི་ཟླ་བཅུ་གཉིས་པར《ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞིའི་ལས་དོན་ཇུས་གཞི》བཀྲམ་ཟིན་པ་དང་འབྲེལ་སྣེ་འདྲེན་སྡེ་ཚན་13ལ་ལག་བསྟར་ཇུས་གཞི་བཟོ་དགོས་པའི་བླང་བྱའང་བཏོན་མོད། འོན་ཏེ་ལྟ་བཤེར་བྱེད་སྐབས་རང་སྐྱོང་ལྗོངས་ཆུ་བེད་ཐིང་དང། འཕེལ་སྒྱུར་ཨུ་ལྷན། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་སོགས་སྡེ་ཚན་10ཡིས་ལག་བསྟར་ཇུས་གཞི་ད་དུང་བཟོས་མེད་པས་ལས་ཀ་རྗེས་ལུས་མངོན་གསལ་དོད་པོ་ཐེབས་ཡོད། རྒྱལ་ཁབ་ཀྱིས་2017ལོའི་ལོ་མཇུག་གོང་དུ་གསོ་ཚགས་གཏན་འགོག་ཁུལ་གྱི་ཕྱུགས་རིགས་དང་བྱ་རིགས་གསོ་སྤེལ་ར་བ(ཁུལ་ཆུང)དང་གསོ་སྤེལ་ཆེད་ལས་དུད་ཚང་གི་སྒོ་རྒྱག་དགོས་པའམ་ཡང་ན་གནས་སྤོ་བྱེད་དགོས་པའི་བླང་བྱ་བཏོན་མོད། འོན་ཏེ་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ད་བར་དུ་ཕྱུགས་རིགས་དང་བྱ་རིགས་གསོ་སྤེལ་གཏན་འགོག་ཁུལ་དབྱེ་འབྱེད་གཏན་འབེབས་ཀྱི་ལས་དོན་སྤེལ་མེད།

    གཉིས་ནི་ས་ཁོངས་ཁག་གཅིག་ཏུ་གསར་སྤེལ་འཛུགས་སྐྲུན་བྱེད་རིང་ཁོར་ཡུག་ལ་དོ་དམ་བྱ་རྒྱུ་མི་འདང་ཞིང་། བོད་རང་སྐྱོང་ལྗོངས་ཀྱིས་གསར་སྤེལ་དང་འཛུགས་སྐྲུན་བྱེད་རིང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་རབ་དང་རིམ་པ་བཏོན་མོད། འོན་ཏེ་ས་གནས་ཁག་གཅིག་དང་སྡེ་ཚན་ཁག་གཅིག་གིས་དོན་འཁྱོལ་ཡག་པོ་བྱས་མེད་པ་དང་ལག་བསྟར་ནན་པོ་བྱས་མེད། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས《བོད་རང་སྐྱོང་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་ཀྱི་སྤྱིའི་འཆར་འགོད(2008ལོ་ནས་2015ལོའི་བར)》ལ་ཆོག་མཆན་སྤྲད་དེ་གཏེར་ཁའི་བདག་དབང་བསྡུ་སྒྲིལ་དམིགས་ཚད་དང་དེ་བཞིན་གཏེར་རིའི་གཏེར་ཁ་འདོན་ཚད་དང་། གཏེར་འདེམས་ཚུར་བསྡུ་བྱེད་ཚད། ཕྱོགས་བསྡུས་སྤྱོད་ཚད་སོགས་ཀྱི་དམིགས་ཚད་གཏན་འཁེལ་ཁ་གསལ་བྱས་མོད། འོན་ཏེ་2017ལོའི་ཟླ་བརྒྱད་པར་སླེབས་སྐབས་ཀྱང་ཇུས་འགོད་དམིགས་ཚད་དུ་སླེབས་མེད། མལ་གྲོ་གུང་དཀར་རྫོང་སོགས་ས་ཁུལ་ཁ་ཤས་ཀྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་དོ་དམ་ཞིབ་ཚགས་མེད་པ་དང་། རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་ཁྲིམས་འགལ་སྒྲིག་འགལ་གནད་དོན་བྱང་འགེལ་ལྟ་སྐུལ་ཐེངས་མང་བྱས་མོད། འོན་ཏེ་འབྲེལ་ཡོད་ས་གནས་དང་དེ་བཞིན་སྡེ་ཚན་གྱིས་དེར་མཐོང་ཆེན་མ་བྱས་པ་དང་། སྐུལ་འདེད་གཏོང་ཤུགས་མི་འདང་བ། ཐ་ན་ལྟ་བཤེར་བྱེད་སྐབས་ཀྱང་དག་ཐེར་དང་བཅོས་སྒྲིག་ཚང་པོ་བྱེད་ཐུབ་མེད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་ཆེད་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མོད། འོན་ཏེ་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་སོགས་སྡེ་ཚན་གྱིས་གཞུང་ལམ་འཛུགས་སྐྲུན་བྱེད་རིང་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་མེད་པ་དང་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཇུས་གཞི་འགོད་སྐབས་སྣོད་བཅུད་སྲུང་སྐྱོང་ཐད་བསམ་བློ་གཏོང་རྒྱུ་མ་འདང་བས། གཞུང་ལམ་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་བར་ལ་འགལ་བ་བྱུང་བ་དང་། རྣམ་གྲངས་འགའ་ཞིག་ཏུ་སྣོད་བཅུད་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ཡག་པོ་མ་བྱུང་བས་ས་ཆ་ཁག་གཅིག་གི་སྣོད་བཅུད་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། 2013ལོའི་ཚུན། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་242ལ་ཁོར་ཡུག་སྲུང་སྐྱོང་གི་ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱས་པའི་ནང་རྣམ་གྲངས་20ལ་ད་ལྟ་བར་དུའང་ཁོར་ཡུག་གདེང་འཇོག་ཆོག་མཆན་ལག་ཁྱེར་རག་མེད། 2015ལོའི་ཟླ་དགུ་པར་མཚེའུ་གཉིས་རྫོང་གི་སྣུམ་ནག་ལམ་འཛུགས་སྐྲུན་རྣམ་གྲངས་མགྱོགས་མྱུར་བསྐྲུན་ཆེད། རྒྱལ་ཁབ་ས་ཆ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་ས་གནས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རྣམ་གྲངས་ཀྱི་ལེ་ལག་ཚང་སྒྲིག་གི་བྱེ་ར་31“འཛུགས་སྐྲུན་བྱེད་ཞོར་དུ་གོང་ལ་ཆོག་མཆན་ཞུ་རྒྱུ་དང་གོང་ལ་ཆོག་མཆན་ཞུ་ཞོར་དུ་བསྐྲུན་རྒྱུའི”མོས་མཐུན་བྱས་པ་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་གཞན་དབང་དུ་གྱུར་ཡོད།

    ཡུལ་སྐོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་མཐུན་སྦྱོར་བྱ་རྒྱུ་མི་འདང་ཞིང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱིས་2017ལོའི་ཟླ་དང་པོར་སྒྲིག་བཟོ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་འཕེལ་རྒྱས་ཇུས་གཞི》དེ་རང་བྱུང་སྲུང་སྐྱོང་ཁུལ་ཇུས་འགོད་དང་སྦྲེལ་མཐུད་མ་བྱས་པར་གཙོ་གནད་རྣམ་གྲངས་ཁག་གཅིག་རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་བརྒལ་ཁུལ་ནང་ཇུས་འགོད་བྱས་པ་དང་། ནག་ཆུ་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་དཔལ་མགོན་རྫོང་སྲིད་གཞུང་གིས་གནམ་མཚོ་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་བརྒལ་ཁུལ་དུ་ལྗོངས་གཟིགས་སྟེགས་བུ་དང་། ཡུལ་སྐོར་གཞུང་ལམ། རླངས་འཁོར་འཇོག་ས། ལྗོངས་གཟིགས་རྐང་ལམ། དེ་བཞིན་གསང་སྤྱོད་སོགས་ཡུལ་སྐོར་སྒྲིག་བཀོད་སྒྲིག་འགལ་ངང་བསྐྲུན་པར་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་དང་ནག་ཆུ་ས་ཁུལ་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གཏན་འབེབས་ལས་འགལ་ཏེ་ཞིབ་མཆན་བཀོད་པ་དང་། ནག་ཆུ་ས་ཁུལ་རྒྱལ་ཁབ་ས་ཆ་ཐོན་ཁུངས་སྡེ་ཚན་གྱིས་ཁྲིམས་འགལ་ངང་ས་ཆ་བཟུང་བའི་བྱེད་སྤྱོད་དེར་ལྟ་སྐུལ་དོ་དམ་ནུས་ལྡན་བྱས་མེད། ལྗོངས་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་དོ་དམ་གནད་ལ་མི་འཁེལ་ཞིང་། སྐྲུན་ཟིན་མེད་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་མང་ཆེ་བར་ཆུ་སྙིགས་ཐད་ཀར་འབུད་པའི་སྣང་ཚུལ་ལྡན་ཡོད།

    གསུམ་ནི་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་ལས་ཀ་ཁག་གཅིག་ད་དུང་ཅུང་ཞན་ཞིང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནད་ལ་མི་འཁེལ་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་ལེགས་སྒྲུབ་གནས་ཚུལ་ལེགས་པོ་མེད་པ་རེད། འཆར་འགོད་གཞིར་བཟུང་ལྗོངས་ཡོངས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱ་ཡུལ་15དང་། བཙོག་ཆུ་བསྡུ་ལེན་མདོང་དྲ་སྤྱི་ལེ་354.9གསར་དུ་བསྐྲུན་ཡོད་ལ་དེ་མཚུངས་ཀྱི་ཀྲུང་དབྱང་གི་མ་དངུལ་ཡང་སྔ་ས་ནས་དམིགས་སར་འབྱོར་ཡོད། འོན་ཀྱང་ལྟ་ཞིབ་བྱེད་པའི་བར་འགྲམ་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱ་ཡུལ་ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་མུ་མཐུད་འཛུགས་སྐྲུན་བྱས་མེད་པ་ཕུད། འཚོ་བའི་བཙོག་ཆུ་གཙང་གསིང་བྱ་ཡུལ་9དང་། སྤྱི་ལེ་60ཟིན་པའི་བཙོག་ཆུ་བསྡུ་ལེན་མདོང་དྲ་སྔར་བཞིན་བསྐྲུན་མེད། བསྐྲུན་པའི་བཙོག་ཆུ་གཙང་གསིང་བྱ་ཡུལ་10ཡི་ནང་ནས་བྱ་ཡུལ་6བརྟན་ལ་རྒྱུན་གཏན་བཞིན་བེད་སྤྱོད་བྱེད་མི་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་ཁག་གཅིག་གཙང་གསིང་ནུས་ལྡན་ཐུབ་མེད། ལྷ་སའི་གྲོང་ཤར་ཁུལ་གསར་དཔལ་སྡིངས་ཡུག་ཁུལ་གཞི་རྩའི་ཆ་ནས་བསྐྲུན་པ་དང་། དེའི་ལེ་ལག་ཚང་བའི་བཙོག་ཆུ་གཙང་གསིང་བྱ་ཡུལ་བསྐྲུན་རྒྱུར་སྤྱོད་པའི་ཀྲུང་དབྱང་གི་མ་དངུལ་ཡང་2015ལོའི་ཟླ་4པར་དམིགས་སར་འབྱོར་ཡོད། འོན་ཀྱང་རྣམ་གྲངས་དེ་ལྟ་བཤེར་ཚོགས་ཆུང་བཅའ་སྡོད་བྱེད་སྐབས་སྔར་བཞིན་སྐྲུན་འགོ་ཚུགས་མེད། ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ཡུལ་ཐད་འཛུགས་སྐྲུན་གྱི་ཚད་གཞི་དམའ་བ་དང་། གཉེར་སྐྱོང་ཚད་ལྡན་མེད་པ། དོ་དམ་དམིགས་སར་མ་འབྱོར་བ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ངང་གནས་ཡོད། ལྟ་བཤེར་ཚོགས་ཆུང་བཅའ་སྡོད་བྱེད་རིང་འཚོ་བའི་གད་སྙིགས་སྐོར་གྱི་ཐེར་འདོན་གོང་ཞུ་བྱེད་ཚད་ཀྱིས་ལྗོངས་ཡོངས་ཀྱི་ཐེར་འདོན་གོང་ཞུའི་གནད་དོན་བསྡོམས་འབོར་གྱི་35%ཙམ་བཟུང་ཡོད།

    ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ལས་དོན་ལ་འཕྲལ་དུ་ཤུགས་སྣོན་རྒྱག་དགོས་ཤིང་། ཉེན་ཆེའི་བེད་མེད་དངོས་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཐད་གཞི་གྲངས་མི་གསལ་བ་དང་། གར་སོང་ཁ་གསལ་མེད་པ། དོ་དམ་མི་འདང་བ་བཅས་ཀྱི་གནས་ཚུལ་གནས་ཡོད་ལ། ཐག་གཅོད་ལྟེ་གནས་ཀྱིས་ཉེན་ཆེའི་བེད་མེད་དངོས་རྫས་མང་པོར་གཉེར་སྐྱོར་དོ་དམ་བྱ་རྒྱུ་ཚད་ལྡན་བྱུང་མེད། ད་ཡོད་ཀྱི་བེད་མེད་ཟུར་འཇོག་འཁོར་རིགས་ཚུར་བསྡུ་ལྷུ་བཤིག་ཁེ་ལས་14ཡི་ནང་ཁེ་ལས་13ལ་ཁོར་ཡུག་སྲུང་སྐྱོང་གི་ཆ་རྐྱེན་ལོན་མེད། ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁུལ་140ཡི་ནང་102ཀྱིས་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་འབྱེད་རྒྱུ་ལེགས་སྒྲུབ་བྱས་ཡོད་མོད། འོན་ཀྱང་ཆོག་མཆན་ཐོབ་མེད། དེའི་ནང་གི་ཁུལ་38ཀྱིས་སྲུང་སྐྱོང་ཁུལ་གྱི་དབྱེ་མཚམས་འབྱེད་པའི་ལས་དོན་སྤེལ་མེད།

    ལྟ་སྐུལ་ཚོགས་ཆུང་གིས་བླང་བྱ་བཏོན་དོན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དགོངས་པ་དང་། བོད་རང་སྐྱོང་ལྗོངས་ལ་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐའ་གཅིག་ཏུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་བ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་ཤུགས་སྣོན། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ་རྒྱལ་ཡོངས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་དམག་ཅིག་བྱེད་དགོས་པ་དང་། འགན་འཁྲི་ཁག་བགོས་སྔར་བས་ཞིབ་ཚགས་སུ་བཏང་ནས་སྡེ་ཚན་དབར་གྱི་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ཀྱི་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ཏན་ཏིག་བྱེད་དགོས་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་རྒྱུས་ཤུལ་བཞག་གི་གཏེར་རིའི་ས་གཤིས་ཁོར་ཡུག་རིམ་གྱིས་བཅོས་སྒྲིག་སླར་གསོ་བྱེད་དགོས་པ། འགྲིམ་འགྲུལ་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག རང་བྱུང་སྲུང་སྐྱོང་ཁུལ་ལ་གཡོལ་ནས་སྣོད་བཅུད་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས་པ། ལྗོངས་ཡོངས་ཀྱི་ཡུལ་སྐོར་གསར་སྤེལ་ལས་དོན་ལ་སྤྱི་འདོམས་འཆར་འགོད་བྱས་ནས་འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་མཐུན་སྦྱོར་དང་ཐག་གཅོད་ཡག་པོ་བྱེད་དགོས་པ། ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་ཁོར་ཡུག་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་ལྟ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་འབྲེལ་ཡོད་སྡེ་ཚན་གྱིས་སྔར་བས་བརྟག་ཞིབ་བྱེད་དུ་འཇུག་པ་དང་། རིམ་གྱིས་འགན་འཁྲི་གསལ་པོ་བཟོ་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

    ལྟ་བཤེར་ཚོགས་ཆུང་གིས་ནན་བཤད་བྱས་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས《ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་གྱི་བླང་བྱ་གཞིར་བཟུང་། དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ཏེ། དག་ཐེར་ཇུས་གཞི་བཟོས་ནས་ལས་ཀའི་དུས་ཚོད་ཉིན་30ཡི་ནང་ཚུན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གོང་འབུལ་ཞུ་དགོས། དག་ཐེར་གྱི་ཇུས་གཞི་དང་དག་ཐེར་དོན་འཁྱོལ་གནས་ཚུལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་དགོས།

    ལྟ་བཤེར་ཚོགས་ཆུང་གིས་ད་དུང་ཤེས་རྟོགས་ཐུབ་པའི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་རྩད་གཅོད་གནད་དོན་གསེད་བཀྲོལ་བྱས་ནས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྲིད་གཞུང་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཀྲུང་དབྱང་ཁོར་ཡུག་ལྟ་བཤེར་ཚོགས་ཆུང་དྲུག་པས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་དང་། ཚན་རིག་དང་མཐུན་ལ་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་ལྟ་བཤེར་ལས་དོན་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་སྤེལ་ཏེ་ང་ཚོས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་གཏོང་། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བཅས་བྱེད་ཕྱིར་མཛུབ་ཁྲིད་ནུས་ལྡན་དང་རོགས་རམ་ཧ་ཅང་ཆེན་པོ་བྱས་ཡོད། ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་བསམ་འཆར་ནང་བོད་ཀྱི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག ང་ཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་གནས་པའི་གནད་དོན་ཁ་ཤས་གསལ་སྟོན་བྱས་ཡོད། དེ་དག་ཕྱོགས་ཡོངས་ལ་དོན་དངོས་དང་མཐུན་པ་དང་། དངོས་ཐོག་བདེན་འཚོལ། གནད་ལ་འཁེལ་བ། ཧ་ཅང་གཏིང་ཟབ་པ་བཅས་ཡོད་ལ་དུས་ཐོག་ཏུ་འཁེལ་བ་ཞིག་ཀྱང་ཡོད། དེས་ང་ཚོར་ཉེན་བརྡ་བཏང་ཡོད་ལ་བཏོན་པའི་དག་ཐེར་གྱི་བླང་བྱ་དང་བསམ་འཆར་དང་གྲོས་འགོ་གནད་ལ་འཁེལ་ཞིང་གསལ་པོ་ཡོད། དེའི་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཚང་མ་ཧ་ཅང་ཆེན་པོ་ཡོད་པས་བོད་ཀྱི་དོན་དངོས་དང་ཡོངས་སུ་མཐུན་ཡོད། ང་ཚོས་རྦད་དེ་མོས་མཐུན་དང་། ཟོལ་མེད་དང་ལེན། གསལ་ཐོ་གཞིར་བཟུང་ཡོངས་སུ་དང་ལེན་བཅས་བྱས་ཏེ་དོན་ཚན་དང་རྣམ་གྲངས་རེ་རེ་བཞིན་ཞིབ་ཕྲའི་ལག་བསྟར་བསམ་འཆར་དང་དག་ཐེར་བྱ་ཐབས་བཟོས་ཏེ་ཕྱོགས་ཡོངས་ནས་དག་ཐེར་དང་། མགྱོགས་མྱུར་དག་ཐེར། དག་ཐེར་མཐར་ཕྱིན་བཅས་བྱ་རྒྱུ་ཡིན།

    ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། གོང་བཀུར། ཡིད་ཆེས། སྲུང་སྐྱོབ་བཅས་བྱེད་པའི་མཐོ་ཚད་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གནད་དོན་དག་ཐེར་ལས་དོན་ལེགས་པར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་དུ་གཏོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གནད་དོན་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་སྔར་བས་གཅིག་གྱུར་ཡོང་བ། ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་བསམ་འཆར་གྱི་དག་ཐེར་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་ཀྱིས་ནུས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་བླང་བྱ་གཞིར་བཟུང་། འགན་འཁྲི་ཏན་ཏིག་ངང་འཁུར་བ་དང་། འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་ལས་དོན་ཆེད་དོན་ཚན་ཁག་འཛུགས་པ། དག་ཐེར་ཇུས་གཞི་ཞིབ་ཚགས་བཟོ་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྲུང་སྐྱོང་དང་། འཛུགས་སྐྲུན། བཅོས་སྒྲིག དོ་དམ་བཅས་ཐབས་མང་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩར་དམ་འཛིན་བྱེད་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དང་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཞན་ཆ་སྔར་བས་གསབ་པ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་བ། ཆུ་བོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བ་བྱེད་དགོས།

    ཕྱོགས་ཡོངས་ནས་དག་ཐེར་བྱས་ཏེ་དག་ཐེར་གྱི་ལས་དོན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པ་བཅས་དང་ཟུང་འབྲེལ་བྱས་ཏེ་གནས་པའི་གནད་དོན་ལ་དབྱེ་ཞིབ་ནན་ཏན་དང་། ཐབས་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་གཏིང་ཟབ། དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བརྒྱུད་རིམ་ལྡན་པའི་ངང་དག་ཐེར་ལ་སྐུལ་འདེད་བཏང་ནས་རྩོད་སྒྲུབ་ཀྱིས་དབྱེ་འབྱེད་དང་དབྱེ་ཞིབ་བྱེད་པ་དང་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། དག་ཐེར་གྱི་བླང་བྱ་རིགས་དབྱེ་དང་རེ་རེ་བཞིན་ཁ་གསལ་ཡོང་བར་བྱེད་དགོས། ནན་ལ་ཏན་ཏིག་གི་སྒོ་ནས་དག་ཐེར་བྱས་ཏེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་གཞིར་བཟུང་དོན་ཚན་དང་རྣམ་གྲངས་རེ་རེ་བཞིན་གསེད་བཀྲོལ་བྱེད་པ་དང་། ལས་ཀའི་གསལ་ཐོ་བཟོ་བ། དུས་ཚོད་ཀྱི་མཚམས་ཚིགས་དང་། དག་ཐེར་ཚད་གཞི། འགན་འཁྲིའི་ཚན་པ། འགན་འཁྲི་བ། འགན་འཁྲི་བདའ་འདེད་བཅས་ཁ་གསལ་བཟོ་བ། “རྒྱུན་གཏན་ལྟ་སྐུལ་དང་། ཟླ་རེར་སྙན་ཞུ། དུས་ཚིགས་རེར་བཀོད་གཏོང་། ལོ་ཕྱེད་ལ་ཕྱོགས་སྡོམ། ལོ་འཁོར་ལ་དཔྱད་ཞིབ”བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ། དག་ཐེར་ལས་དོན་གྱི་མཛུབ་ཁྲིད་ལ་ཤུགས་སྣོན། ཞིབ་བཤེར་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན། དག་ཐེར་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་བཅས་བྱས་ཏེ་གནད་དོན་བསྐྱར་ཐོན་དང་དག་ཐེར་ཚད་ལོན་མེད་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་ལས་རྒྱ་ཡན་དུ་གཏན་ནས་མི་གཏོང་བར་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཕྱོགས་ཡོངས་དང་དག་ཐེར་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་དུས་ཐོག་ཏུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྔར་བས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368736911