བོད་ལྗོངས།
བོད་ལྗོངས་ཡུལ་སྐོར་གྱི་སྤུས་རྟགས“ས་གོ་ལ་སྣེ་གསུམ་པའི”སྐད་གྲགས་སྔར་བས་ཆེ་རུ་ཕྱིན་པ།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2019ལོའི་ཟླ་1པོ་ནས་ཟླ་9པ་བར། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3130ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་449བྱུང་བ་དེ་དུས་མཚུངས་ལས་29.8%འཕར་ཡོད་པ་རེད།

    འཛམ་གླིང་ཡུལ་སྐོར་གྱི“མཐོ་གནས”བཏོད་པ།

    2019ལོར། བོད་ལྗོངས་ཡུལ་སྐོར་ཁོངས་གཏོགས་ཀྱིས་མུ་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་སྤུས་ལེགས་དང་། ཁུལ་ཡོངས། དུས་རྟག་ཏུ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མཐའ་འཁྱོངས་དང་ཁྲོམ་རའི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཡུལ་སྐོར་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་དེ་བས་ཏན་ཏིག་གི་བྱེད་ཐབས་ཐོག་ནས་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་བས“ས་གོ་ལ་སྣེ་གསུམ་པའི”སྤུས་རྟགས་ཧྲིལ་པོའི་སྐད་གྲགས་སྔར་བས་ཆེ་རུ་ཕྱིན་པ་རེད།

    2019ལོའི་ཟླ་4ཚེས་25ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུར་2019ལོའི་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱིས“སྤུས་ལེགས་དང་། ཁུལ་ཡོངས། དུས་རྟག་ཏུ”བཅས་འཕེལ་རྒྱས་ཀྱི་གཙོ་རྐང་དུ་བྱས་ནས“ས་གོ་ལ་སྣེ་གསུམ་པའི”ཡུལ་སྐོར་སྤུས་རྟགས་གཏོད་རྒྱུར་དམིགས་ཏེ“དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད”པའི་རྣམ་པ་འཕེལ་རྒྱས་སྲ་བརྟན་བཏང་ནས་ལྷ་སའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ། གངས་ཏི་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་བཅས་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། ལོ་ཧྲིལ་པོར་མི་ཐེངས་ཁྲི་4000ལྷག་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་580བརྩོན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།

    2019ལོར་བོད་ཀྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་རྒྱུན་ཆད་མེད་པར་རིམ་སྤོར་བྱས་ཏེ་ཕྱོགས་ཡོངས་ནས་ཡུལ་སྐོར་བའི་མྱོང་བ་ཟབ་ཏུ་བཏང་བ་རེད། རྒྱལ་ལམ་318རྒྱུད་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་ཉིང་ཁྲི་ཀླུ་ནང་གྲོང་རྡལ་གྱི་ཡུལ་སྐོར་ལས་རིགས་ལ་ཉེ་བའི་ལོ་ཤས་རིང་རིམ་སྤོར་ཐེངས་གཉིས་བྱས་ནས་ཞབས་ཞུ་དང་སྤུས་ཚད་དེ་གནས་བབ་གལ་ཆེ་ཤོས་སུ་བཞག་ཡོད། ཀླུ་ནང་མཛེས་ལྗོངས་ཁུལ་གྱི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞེ་པིན་ཧུད་ཀྱིས་མཛེས་ལྗོངས་ཁུལ་གྱི་སྤྱིའི་རྣམ་པ་གཅིག་གྱུར་ཡོང་ཆེད། དོ་དམ་ཨུ་ལྷན་གྱིས་ཚོང་དུད་ཀྱི་གྱང་ངོས་དང་སྒོ་བྱང་སོགས་ལ་གཅིག་གྱུར་འཆར་འགོད་བྱས་ཡོད། སྒྲིག་འགལ་ཚོང་དུད་ལ་སྲིད་འཛིན་ཆད་པ་བཅད་པ་མ་ཟད། དོ་དམ་ཨུ་ལྷན་གྱིས་བསམ་ཕྱོགས་བསྒྱུར་ནས་འཆར་འགོད་ཀྱི་བླང་བྱ་དང་མཐུན་པའི་ཚོང་དུད་ཚང་མར་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་ལོངས་སྤྱོད་ཐུབ་པ་བྱས་ཡོད།

    2019ལོའི་ཟླ་7ཚེས་16ཉིན། བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་མི་དམངས་སྲིད་གཞུང་དང་སི་ཁྲོན་ནེང་ཐུའུ་ཚོགས་པ་བོད་ལྗོངས་ཀུང་སི་དང་དེའི་ཁོངས་གཏོགས་ཀྱི་བོད་ལྗོངས་ཇོ་མོ་གླང་མ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་མཉམ་ལས་གསར་སྤེལ་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་ཕྱོགས་ཡོངས་རིམ་སྤོར་དང་མཛེས་ལྗོངས་ཁུལ་རྒྱ་བསྐྱེད་ལ་སྐུལ་འདེད་བཏང་ཡོད། 2019ལོའི་ཟླ་10པར་བོད་ཀྱི་རྒྱལ་ཁབ་ཀྱི་4Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་ཁག་གཅིག་རིམ་སྤོར་ལེགས་བཅོས་ཟིན་པ་སྟེ། ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་དང་། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཀླུ་ནང་མེ་ཏོག་ལྡུམ་རའི་འབྲོག་རའི་མཛེས་ལྗོངས་ཁུལ། དེ་བཞིན་མངའ་རིས་ཀྱི་གནས་རི་དང་ལྷ་མཚོའི་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་ཆེ་གྲས་ལྔ་པོ་དེ་དག་རིམ་སྤོར་ལེགས་བཅོས་ཐུབ་ཡོད་པ་རེད།

    བོད་ཀྱི་ཡུལ་སྐོར“ཕྱིར་སྐྱོད་པ”

    2019ལོའི་ཟླ་10ཚེས་15ཉིན། རིག་གནས་དང་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཡུལ་སྐོར་གྱི་སྐོར་ལམ་ཆེ་མོ་དང་བོད་ལྗོངས་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའུ་ཡི་ཁོངས་མི། གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་ཡོན་ཀྲང་ཝང་ཞུས་ཏུང་གིས་བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས“ཁྱད་ལྡན་དང་། རྩེ་གྲ སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་དམིགས་ཚད་མུ་མཐུད་མཐའ་འཁྱོངས་བྱས་ནས་བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ལེགས་དང་། ཁུལ་ཡོངས། དུས་རྟག་ཏུ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཁྲིད་ཐོན་ལས་ཀྱི་གནས་བབ་སྲ་བརྟན་གཏིང་ཟབ་བཏང་སྟེ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཡིན་པའི་བོད་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    2019ལོའི་ཟླ་11ཚེས་25ཉིན། “དགུན་དུས་བོད་ལ་ཡུལ་སྐོར་སྐྱོད·ས་གོ་ལ་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་དེ་ཧོ་པེ་ལང་ཧྥང་དུ་གཉེར་བ་རེད།

    2019ལོའི་ཟླ་12པར“ཇོ་རིའི་ཕ་ཡུལ། མཁའ་དབྱིངས་ཀྱི་འཁྱགས་རོམ”ཞེས་པའི་གཞིས་རྩེའི་ཡུལ་སྐོར་ཆེད་དོན་གྱི་རྒྱལ་ཡོངས་ཁྱབ་གདལ་ཟླ་བ་དེ་ཁྲུང་ཆིང་དང་། ཁྲེང་ཏུའུ། ཟི་ལིང་སོགས་ས་ཆ་མང་པོར་སྤེལ་བ་རེད། གཞིས་རྩེའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་ལམ་ཐིག་འོས་སྦྱོར་ལ་ཚང་མས་དོ་ཁུར་རྒྱ་ཁྱབ་ངང་བྱས་ཡོད། སྤུས་ལེགས་ལམ་ཐིག“ཇོ་རིའི་ཡུལ་སྐོར”དང“རོང་ས་དམར་པོའི་ཡུལ་སྐོར”“ཡར་ཀླུང་གཙང་པོའི་ཆུ་འགོའི་ཡུལ་སྐོར”བཅས་ཀྱིས་གཞིས་རྩེའི་ཡུལ་སྐོར་གྱི་ཉིང་བཅུད་བསྡུས་ཡོད་ལ། གཞིས་རྩེའི་ཡུལ་སྐོར་བའི་ཕུགས་འདུན་མངོན་གྱི་ཡོད། གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ད་དུང་དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད་པའི་ཡིད་དབང་འཕྲོག་པའི་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386814341