བོད་ལྗོངས།
བོད་ཀྱིས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་4000ལས་ཐོག་མར་བརྒལ་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་ཚེས་7ཉིན་འགོ་ཚུགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཤེས་རྟོགས་བྱུང་བར། བོད་ཀྱིས་2019ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་4000ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར་560ཟིན་ཡོད། ཞིང་འབྲོག་པ་ཁྲི་40ཡུལ་སྐོར་ཐོན་ལས་ནང་ཞུགས་ཡོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མུ་མཐུད་རམ་འདེགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པས་ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྗོངས་ཡོངས་ཀྱི་རིག་གནས་འཁྲབ་སྟོན་ལས་རིགས་ཀྱིས་ཞིང་འབྲོག་པ་མི་ཁྲི་1.6ཙམ་གནས་སྒྱུར་ལས་ཞུགས་བྱས་པ་དང་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་17000ཙམ་ཟིན་ཡོད། འཁྲབ་ཚན་ཆེ་གྲས《ཝུན་ཤིང་ཀོང་ཇོ》ཞེས་པས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་300ཙམ་ལ་སྣེ་ལེན་ཞུས་ཡོད་པ་དང་རིམ་རྩིས་བྱས་ན་མི་ཐེངས་4000ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་ཤིང་གླ་ཆ་སྒོར་དུང་ཕྱུར་2.3ལྷག་ཙམ་སྤྲད་ཡོད། གསར་དུ་འཁྲབ་པའི་དངོས་ལྗོངས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཞེས་པས་ལས་ཞུགས་ལས་གནས་700ཙམ་མཁོ་འདོན་བྱས་ཡོད། འཁྲབ་ཚན་དེ་གཉིས་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་རྣམ་གྲངས་སུ་གྱུར་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཀར་ཕན་པ་ཐོན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས“དགུན་དུས་བོད་ལྗོངས་སྐོར་བའི”སྲིད་ཇུས་དོན་འཁྱོལ་བྱས་ནས་ལྗོངས་ཕྱི་ནང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། 2018ལོའི་ཟླ་2པ་ནས་བཟུང་བོད་ཀྱིས“དགུན་དུས་བོད་ལྗོངས་སྐོར་བའི”བྱེད་སྒོ་རེས་སྐོར་ཐེངས་གསུམ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ཡུལ་སྐོར་ཁྲོམ་རར་སྐུལ་འདེད་གཏོང་ཆེད་ཡིན། རེས་སྐོར་དང་པོ་དང་གཉིས་པའི་བྱེད་སྒོར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་60ཙམ་བྱུང་བ་དང་། རེས་སྐོར་གསུམ་པ་དེ་2019ལོའི་ཟླ་10པར་འགོ་ཚུགས་ཤིང་2020ལོའི་ཟླ་3པར་མཇུག་འགྲིལ་རྒྱུ་རེད། གཞན་ཡང་བོད་དུ་2019ལོར་ད་དུང་རྒྱལ་སྤྱི་དང་རྒྱལ་ནང་གི་འཕུར་སྐྱོད་ལམ་ཐིག་10གསར་དུ་བསྣན་པ་དང་ལྷོ་ཁའི་ལྷུན་རྩེ་གནམ་ཐང་སོགས་ཡན་ལག་གནམ་ཐང་3གྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386874781