བོད་ལྗོངས།
སྔོ་ཐིང་ཐིང་གི་རྩྭ་ཐང་ལ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་འཕེལ།

    —— རང་ལྗོངས་ཀྱི་རྩྭ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་སྐོར་བཀོད་པ།

    ཕྱུགས་རྩྭ་འདེབས་ཁྱོན་བརྟན་པོའི་ངང་འཕར་བ།

    ཉེ་བའི་ལོ་ཤིས་རིང་། རང་ལྗོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་ཐོན་སྐྱེད་དང་སྣོད་བཅུད་ཟུང་འབྲེལ་དམ་ཟབ་དང་སྣོད་བཅུད་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། “སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། རྣམ་གྲངས་ཀྱིས་སྐུལ་འདེད། ལག་རྩལ་གྱིས་ཡར་སྐུལ། དཔེ་མཚོན་གྱིས་སྐུལ་ཁྲིད”བཅས་བྱེད་པའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། “རྩྭ་ཐང་ཐོན་ལས་སུ་བརྩི་བ་དང་རྩྭ་ཐང་ཐོན་ལས་སྔོན་ལ་ལག་བསྟར”མཐའ་འཁྱོངས་བྱས་ནས་མི་ཐབས་རྩྭ་འདེབས་འཕེལ་རྒྱས་ཤུགས་ཆེན་བཏང་བས། ས་མཐོའི“རྩྭ་འདེབས་ས་གསོ་དང་། རྩྭ་འདེབས་ཕྱུགས་གསོ། ནགས་རྩྭ་སྣོལ་འདེབས། བྱེ་འཇགས་ཆུ་འདུས”བཅས་ཀྱི་རྩྭ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཞིག་བཏོད་ཡོད།

    མིག་སྔར། ལྗོངས་ཡོངས་ཀྱི་མི་ཐབས་རྩྭ་འདེབས་ཀྱི་རྒྱ་ཁྱོན་མུའུ་ཁྲི་157ཟིན་པ་དང་། དེའི་ནང་འབུ་སུ་ཧང་གིས་སྤྱིའི་རྩ་འདེབས་རྒྱ་ཁྱོན་གྱི་20%ཡན་བཟུང་ནས། “གཙང་པོ་གཅིག་དང་ཆུ་བོ་གསུམ”རྒྱུག་ཁུལ་གྱིས་གཙོས། བོད་ཤར་དང་། བོད་དབུས། བོད་ལྷོ་སོགས་ཚུད་པའི་རྩྭ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ནས་རྩྭ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་རྩྭ་ཐང་ཐོན་ལས་ཀྱི་ཐོན་སྐྱེད་གྲུབ་ཆ་དང་ས་ཁོངས་ཀྱི་ཁྱབ་ཚུལ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། འབྲོག་ཁུལ་དང་། ས་མ་འབྲོག་གི་ས་ཁུལ་དུ་མི་ཐབས་རྩྭ་འདེབས་ཁྱབ་གདལ་ཤུགས་ཆེན་བཏང་ནས་གཟན་རྩྭ་མཁོ་སྤྲོད་འགན་ལེན་བྱས་པ་རེད། ས་ཁུལ་ཁག་གིས་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་བྱུང་ཆ་རྐྱེན་སོགས་ཀྱི་ཐོན་ཁུངས་གཞིར་བཟུང་། ཚན་རིག་དང་མཐུན་པའི་གནས་གཏན་འཁེལ་དང་ཇུས་འགོད་ནན་ཏན་བྱས་ནས་ས་ཁོངས་འཕེལ་རྒྱས་ཀྱི་ཁྱབ་ཚུལ་ལེགས་སུ་ཏན་ཏིག་བཏང་ཡོད།

    གཞན་ཡང་། སོན་བཟང་ནང་འདྲེན་གྱིས་དཔེ་སྟོན་བྱས་པ་བརྒྱུད་ལོ་གཅིག་ལ་འཚར་བ་དང་ལོ་མང་འཚར་བའི་སྙེ་མ་ཅན་གྱི་ལྗོན་ཤིང་རིགས་དང་། སྲན་མའི་རིགས། ལུག་མིག་མེ་ཏོག་རིགས་སོགས་ས་ཁོངས་མི་འདྲ་བར་བཏབ་ན་འཚམ་པའི་གཟན་རྩྭའི་རིགས་བརྒྱ་གྲངས་འདེམས་སྒྲུག་བརྒྱབ་ཡོད། དེའི་ནང་ཐོན་སྐྱེད་བརྟན་པོ་དང་ཐོན་འབབ་མང་བའི་རིགས་བཅུ་ཕྲག་ཡོད། ས་ཆ་དེ་གར་འཚམ་པའི་ཕྱུགས་རྩྭའི་སོན་ཐོན་སྐྱེད་དང་རི་སྐྱེས་ཕྱུགས་རྩྭ་མི་ཐབས་འདེབས་གསོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།

    འདི་ནི་རང་སྐྱོང་ལྗོངས་ཞིང་ཚན་ཁང་རྩྭ་ཐང་ཐོན་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་གཟན་རྩྭ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།

    ལག་རྩལ་གསར་པ་ཁྱབ་གདལ་དང་བཀོལ་སྤྱོད་ཐུབ་པ།

    “ང་ཚོས་རྩྭ་ཐང་ཐོན་ལས་བཀོལ་སྤྱོད་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞི་ཞིབ་འཇུག་གཙོ་བོར་བྱས་ཏེ། བོད་ཀྱི་རྩྭ་ཐང་སྣོད་བཅུད་འབྲོག་ལས་དང་རྩྭ་ཐང་སྣོད་བཅུད་བདེ་འཇགས་འཛུགས་སྐྲུན་གྱི་འགག་རྩའི་ལག་རྩལ་ཐག་གཅོད་ལ་དམིགས་ནས་ཐོན་འབབ་མཐོ་བའི་ཕྱུགས་རྩྭའི་སོན་སྤུས་ལེགས་འདེམས་སྒྲུག་དང་། གཟན་རྩྭ་ཐོན་ཆེའི་འདེབས་གསོ། རྩྭ་སྤུས་ལེགས་ལས་སྣོན་དང་ནུས་ཆེ་བེད་སྤྱོད། རང་བྱུང་རྩྭ་ཐང་སླར་གསོ་དང་བསྐྱར་སྐྲུན། མི་ཐབས་རྩྭ་ཐང་འདེབས་འཛུགས། ཕྱུགས་རྩྭའི་སོན་བཟང་ཐོན་ཁུངས་བསྡུ་རུབ་དང་། ཉར་ཚགས། གདེང་འཇོག བེད་སྤྱོད་སོགས་ལ་ཞིབ་འཇུག་བྱས་ཡོད”ཅེས་ལྗོངས་ཞིང་ལས་ཚན་རིག་ཁང་རྩྭ་ཐང་ཐོན་ལས་ཀྱི་སུའོ་ཀྲང་གཞོན་པ་ཝང་ཅིང་ལུང་གིས་ངོ་སྤྲོད་བྱས་པ་རེད། 2012ལོའི་ཟླ་12ཀྱི་ཟླ་མཇུག་ཏུ། རང་སྐྱོང་ལྗོངས་ཀྱི་ཚན་ཞིབ་དང་། ཐོན་སྐྱེད། ལག་རྩལ་ཁྱབ་གདལ་བཅས་གཞི་གཅིག་ཏུ་བསྡུས་པའི་རྩྭ་ཐང་ཐོན་ལས་ཚན་རིག་ཞིབ་འཇུག་སྒྲིག་གཞི་འབའ་ཞིག་དེ་དངོས་སུ་བཙུཌ་པ་རེད།

    བོད་ལྗོངས་ས་མཐོའི་རྩྭ་ཐང་ཐོན་ལས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་འབུམ་རམས་པ་ཝུའུ་ཅུན་ཞི་ཡིས། “བོད་ལྗོངས་ས་མཐོའི་རྩྭ་ཐང་ཐོན་ལས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ལྗོངས་ཡོངས་ཀྱི་མི་ཐབས་རྩ་འདེབས་ལ་ལག་རྩལ་ཐད་ཀྱི་རྒྱབ་སྐྱོར་དང་ཞབས་འདེགས་ཞུས་ཤིང་། མིག་སྔར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་། ཁང་དམར་རྫོང་། ལྷ་རྩེ་རྫོང་སོགས་སུ་མི་ཐབས་གཟན་རྩྭ་འདེབས་འཛུགས་ཀྱི་རྣམ་གྲངས་ཡོད”ཅེས་བརྗོད་པ་རེད།

    འདི་ནི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱ་ཡུལ་ཡིན་པ།

    ཞིང་འབྲོག་ཁུལ་གྱི་འགུལ་ནུས་གསར་པ་མགྱོགས་མྱུར་འཕེལ་བར་བྱས་པ།

    ཉེ་བའི་ལོ་ཤས་རིང་། རྩྭ་འདེབས་པའི་ཕན་འབྲས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་ལེགས་ཆའི་ཐོན་ཁུངས་གསབ་རེས་མངོན་འགྱུར་བྱ་ཆེད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་མ་དངུལ་གཅིག་སྡུད་ཐོག་གཏོང་བའི་ཕན་འབྲས་ཀྱི་ནུས་པ་འདོན་རྒྱུར་སྣང་ཆེན་བྱས་ཏེ། རྣམ་གྲངས་ཚང་མ་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ལུང་གཞུང་རྫོང་ཆུས་སུ་གཅིག་སྡུད་ཡུག་འབྲེལ་གྱིས་འཛུགས་སྐྲུན་བཀོད་སྒྲིག་བྱས་པ་དང་། གཞི་ཁྱོན་འོས་འཚམ་གྱི་འདེབས་འཛུགས་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཟུང་འབྲེལ་དང་། རྩྭ་ཕྱུགས་མཉམ་སྤེལ། རྩྭ་ཕྱུགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ་རེད།

    གྲོང་ཁྱེར་དང་ས་ཁུལ་ཁག་གིས་གཟན་རྩྭ་འདེབས་འཛུགས་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། གསོ་ཚགས་དུད་ཆེན་དང་ཕྱུག་འགྱུར་འཇོན་ཐང་ཅན་གྱིས་རྩྭ་འདེབས་དང་ཞིང་འཕྲུལ་སོགས་ཀྱི་ཆེད་ལས་མཉམ་ལས་ཁང་འཛུགས་པར་ཁྲིད་སྟོན་བྱས་ཡོད། ལྷ་ས་དང་། གཞིས་རྩེ། ཆབ་མདོ་སོགས་གྲོང་ཁྱེར་གྱིས“ཁེ་ལས+རྟེན་གཞི+ཞིང་དུད”དང“ཆེད་ལས་མཉམ་ལས་ཁང་+ཞིང་དུད”སོགས་ཀྱི་གཉེར་སྐྱོང་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “གསུམ་གསུམ་ལམ་ལུགས”ཀྱི་ཐོན་སྐྱེད་གཉེར་སྐྱོང་རྣམ་པ་འཚོལ་ཞིབ་བྱས་ནས་བཙུགས་པ་སྟེ། གསུམ་ཆ་གཅིག་གེགས་འགོག་གེགས་སེལ་གྱི་གཟན་རྩྭར་གྲབས་གསོག་བྱེད་པ་དང་། གསུམ་ཆ་གཅིག་མཉམ་ལས་ཁང་གི་འཕེལ་རྒྱས་གཞི་ཁྱོན་གྱི་གསོ་ཚགས་ལ་སྤྱོད་པ། དེ་བྱིངས་ཀྱི་གསུམ་ཆ་གཅིག་ཁྲོམ་རར་བཙོངས་ནས་འཁོར་རྒྱུག་འཕེལ་རྒྱས་ཀྱི་མ་དངུལ་བྱེད་པ་བཅས་ལས་རྩྭ་ཐང་ཐོན་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387003451