བོད་ལྗོངས།
ལྷ་སའི་མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཟིན་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། 2019ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཟིན་པ་དང་། གཙང་པོ་དང་མཚེའུ་གཙོ་བོ། གྲོང་ཁྱེར་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོ་ཁུལ་4བཅས་ཀྱི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་100%ཟིན་ཞིང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་7.1དང་རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་6.2ལེགས་གྲུབ་བྱས་པས“མཛེས་སྡུག་ལྡན་པའི་ལྷ་ས”སྔར་བཞིན་མཚར་སྡུག་ལྡན།

    ཚེས་12ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཤེས་རྟོགས་བྱུང་བར། འདས་ཟིན་པའི་ལོ་གཅིག་ནང་ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་དང་། རི་ཆུ་དང་ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་འདུ་འགོད་གཅིག་གྱུར་ལག་བསྟར་བྱས་པ་དང་། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་དང་ནུས་པ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ། སྣོད་བཅུད་ཁོར་ཡུག་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་སོགས་དང་། གཙོ་གནད་ཁེ་ལས་45ལ་སྦགས་བཙོག་འབྱུང་ཁུངས་དྲ་ཐོག་ནས་རང་འགུལ་ངང་ལྟ་སྐུལ་ཚོད་འཛིན་བྱས་ཡོད་པ་རེད།

    གཞན་ཡང་། ལྷ་ས་གྲོང་ཁྱེར་དུ་ཁྱོན་ཤང་གྲོང་64ཡིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གསར་སྐྲུན་བྱས་པ་མ་ཟད་མིང་ཡང་བཏགས་པ་དང་། འདམ་གཞུང་རྫོང་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཁག་གསུམ་པར་བདམས་པ། མཁའ་རླུང་སྤུས་ཚད་ལེགས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཁྲོད་ཨང་གཉིས་པར་སླེབས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387033451