བོད་ལྗོངས།
“རང་ཁྱིམ་ལ་སླེབས་པ་ལྟ་བུའི་ཚོར་སྣང་འདུག་པས་འདིར་སེམས་པ་ལྷོད་ཤིག་ཤིག་འདུག”

    —— ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ཚད་འཇལ་དང་རི་འཛེག་སྒར་སར་བཅར་འདྲི་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་ཟླ་5ཚེས་5ཉིན་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་འབྱོར་བའི་གློག་འཕྲིན།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རྡོ་རྗེ་དགྲ་འདུལ། སྤེན་པ་ཚེ་རིང་། ཝེ་ཡུས་ཧྲེན། ཝང་ཆིན་ཨོའུ། ཝུའུ་སི་ཡུས།

    གསར་འགོད་པ་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ཚད་འཇལ་དང་རི་འཛེག་སྒར་སར་བཅར་འདྲི་བྱེད་པར་ཕྱིན་པ་ཡིན། ཇོ་མོ་གླང་མའི་སྒར་ས་ཆེ་མོ་དེ་རླུང་ཁར་གནས་པ་དང་། གནམ་གཤིས་འགྱུར་ལྡོག་ཆེ་བའི་རྐྱེན་གྱིས་ཚད་འཇལ་དང་རི་འཛེག་རུ་མིའི་འཚོ་བ་དང་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་པ་སྟེ། ལྷགས་པ་ཆེན་པོ་རྒྱག་སྐབས། གུར་རླུང་བུས་འཁྱེར་གྲབས་བྱས་ནས་རུ་མི་ཚོ་གཉིད་ལས་ཡང་ཡང་སད་པ་དང་། གངས་ཆེན་པོ་འབབ་སྐབས། མི་རྣམས་གུར་ནང་མ་བསྡད་ཀ་མེད་ཡོང་གི་ཡོད།

    ཡིན་ནའང་། ཚད་འཇལ་དང་རི་འཛེག་རུ་མི་རྣམས་རང་བྱུང་ཁོར་ཡུག་ཤིན་ཏུ་ཞན་པར་བག་འཁུམས་ནས་མི་སྡོད་པར་གུར་ནང་ལས་དོན་སྐོར་གྲོས་བསྡུར་འཁྲུག་པོ་བྱས་ཏེ། རི་རྩེར་གདོང་མཆོང་བྱེད་པའི་ཇུས་གཞིའི་སྐོར་གྲོས་ཐག་བཅད་དེ“མཐའ་མའི་རྒྱལ་ཁ་ལེན་ཆེད”ལམ་ཐིག་གི་དཔེ་རིས་གསལ་པོ་ཞིག་འགོད་བཞིན་ཡོད།

    ཚད་འཇལ་དང་རི་འཛེག་རུ་མི་ཚོའི་བཟའ་བཅའ་ནི་སྤྱི་ལེ་100ལྷག་ཙམ་གྱི་སར་གནས་པའི་དིང་རི་རྫོང་གྲོང་ནས་དབོར་ཡོང་བ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚོགས་ཆུང་གི་ཙུའུ་ཀྲང་དབང་ཆེན་བསོད་ནམས་ཀྱིས་ཉིན་གཉིས་ནས་གསུམ་བར་སྔོ་ཚལ་དང་། ཤིང་འབྲས། ཤ་རིགས་བཅས་བླུགས་པའི་རླངས་འཁོར་དུས་བཀག་བཞིན་སྒར་ས་ཆེ་མོར་བཏང་ནས་དུས་ཐོག་ཏུ་བཟའ་བཅའ་འདང་ངེས་སྐྱེལ་གྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    འཐུང་ཆུ་ཡིན་གཅིག་མིས་ལེན་པར་འགྲོ་དགོས་ཀྱི་ཡོད། དབང་ཆེན་བསོད་ནམས་ཀྱིས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་རུ་མིས་དུས་བཀག་ལྟར་སྤྱི་ལེ་བཅུ་གྲངས་ས་ཡི་རོང་པོ་དགོན་གྱི་ཆུ་མིག་ཡོད་སར་རླངས་འཁོར་བཏང་ནས་ཆུ་ཟོམ་རེར་ཆུ་གཤོང་ཚད་སྤྱི་རྒྱ་70ཟིན་པའི་ཆུ་ཟོམ་10ཙམ་ཉིན་གསུམ་རེར་ཐེངས་རེ་ལེན་གྱི་ཡོད་པ་དང་། སྔོ་ཚལ་དང་ཕོར་པ་སོགས་ཉེ་འཁོར་གྱི་འཁྱག་པ་བཞུར་བའི་ཆུས་བཀྲུ་ཡི་ཡོད།

    རང་བྱུང་ཐོན་ཁུངས་པུའི་ས་གཞི་ཆེ་མོའི་ཚད་ལེན་རུ་ཁག་དང་པོའི(གཤམ་དུ་རྒྱལ་ཁབ་ཐིག་ལེན་རིས་འབྲི་ཚད་ལེན་རུ་ཆེན་དང་པོ་ཞེས་བསྡུ་རྒྱུ)འབྲེལ་ཡོད་འགན་འཁུར་བས། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རྣམ་གྲངས་ལག་ལེན་མ་བསྟར་གོང་། རུ་མི་ཚང་མའི་ཕྱོགས་ཡོངས་ཀྱི་གཟུགས་པོའི་བདེ་ཐང་གི་གསོ་སྦྱོང་བྱས་པ་དང་། རྣམ་གྲངས་བཀོད་འདོམས་པུས་ཐོལ་བྱུང་དོན་རྐྱེན་ལ་དམིགས་པའི་ཐག་གཅོད་ཀྱི་བྱ་ཐབས་བཏོན་པ་མ་ཟད། རི་འཛེག་ཞབས་ཞུའི་སྒྲིག་གཞིས་ས་བབ་མཐོ་བའི་ཐོལ་བྱུང་དོན་རྐྱེན་ལ་དམིགས་པའི་འཕྲལ་སྡོམ་ཐག་གཅོད་ཀྱི་བྱ་ཐབས་ཀྱང་བཟོས་ཡོད་པ་རེད།

    རུ་མིའི་འགྲོ་འདུག་སྤྱོད་གསུམ་ནས་བདེ་འཇགས་འགན་ལེན་བར་སྒར་སའི་ཕྱོགས་གང་ས་ནས་མི་རྩ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མངོན་པར་བྱས་ཡོད།

    “ཇོ་མོ་གླང་མའི་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པའི་ཆེད། ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ཟས་སྙིགས་ཚང་མ་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་གཙང་སེལ་བྱེད་ཀྱི་ཡོད། དུས་ཚོད་རེར་ཟས་ཀྱི་སྙིགས་རོ་རྣམས་སྒམ་ཆེན་པོའི་ནང་བླུགས་ནས་གཙང་སེལ་བྱེད་པ་དང་། ལྷག་འཕྲོ་དག་སྐྱེ་ལྡན་ལུད་བྱེད་ཆོག”ཅེས་དབང་ཆེན་བསོད་ནམས་ཀྱིས་བཤད།

    སྒར་སར་བཅར་འདྲི་བྱས་པ་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་སྒར་སའི་ཕྱོགས་གང་སར་མངོན་ལ་རུ་མི་ཚང་མའི་སེམས་ནང་ཟུག་ཡོད་པ་གསར་འགོད་པར་མྱོང་ཚོར་ཟབ་མོ་བྱུང་།

    “མཐོ་ཚད་འཇལ་བ་ནི་ཇོ་མོ་གླང་མ་ཕྱོགས་ཡོངས་དང་སྔར་བས་ཤེས་རྟོགས་ཐུབ་པ་དང་། འགྲོ་བ་མིའི་རིགས་ཀྱིས་འཁྱགས་རོམ་ལ་ལྟ་ཞིབ་ཚད་ལེན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་དང་པོ་འདོན་ཐུབ་པའི་ཆེད་དུ་ཡིན། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཤད་ཚེ། ཚད་འཇལ་བ་དེའང་ཇོ་མོ་གླང་མའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད་ཡིན”ཞེས་ཀྲེན་ལིན་གྱིས་བཤད།

    “བཟའ་སྡོད་ལ་སེམས་ཁྲལ་མེད་པའི་ཁར། རུ་མི་ཚང་མ་བདེ་ཐང་ཡིན་པས། ཁྱིམ་ལ་བསྡད་པ་ལྟར་གྱི་སེམས་པ་ལྷོད་ཤིག་ཤིག་འདུག ང་ཚོས་སྔ་བར་ཕྱི་གསུམ་དུ་སྤྲོ་སྣང་ལྡན་པའི་ངང་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་དོན་ནང་ཞུགས་རྒྱུ་ཡིན”ཞེས་ཀྲེན་ལིན་གྱིས་འཛུལ་དམུལ་དམུལ་ངང་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390374581