བོད་ལྗོངས།
དྭངས་གཙང་ཆུ་མོས་གནའ་གྲོང་ས་གཞི་བརླན།

    —— བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་གི་ལས་དོན་སྐོར་བཀོད་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཡུལ་ལྗོངས་ཡིན་པ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་ནུས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཕུལ་ཡོད་པ་རེད།

    ཚད་གཞི་མཐོ་པོས་སྐུལ་འདེད་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་བརྩོན་ལེན་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས། 2016ལོ་ཚུན་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་དང་བསྡུ་ལེན་སྒྲིག་བཀོད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་23.77(ལྷག་པར་དུ་2018ལོ་དང་2019ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་21.98བཏང་བ་དེས་མ་འཇོག་གི་92%བཟུང་ཡོད)བཏང་བ་དེ《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་སྒོར་དུང་ཕྱུར་9.79ལས་སྒོར་དུང་ཕྱུར་13.98མང་བ་བརྩོན་ལེན་བྱས་ཡོད།

    རིགས་པས་ཁུངས་སྐྱེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་བཙོག་ཆུ་གཙང་གསིང་བྱ་ཐབས་འཚོལ་ཞིབ་བྱས་པ། སྡོད་ཁང་འཛུགས་སྐྲུན་པུའི་མཛུབ་ཁྲིད་འོག་རྒྱལ་ཡོངས་ཀྱི་བཙོག་ཆུ་གཙང་གསིང་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་གདན་དྲངས་ནས“གྲ་སྒྲིག་ཐག་གཅོད་དང་མིས་བཟོས་འདམ་ར་ཟུང་འབྲེལ”གྱི་གཙང་གསིང་ལག་རྩལ་ས་བབ་མཐོ་བའི་མཐོ་གྲང་ས་ཁུལ་དུ་སྤྱོད་ཆོག་པའི་རིགས་པས་ཁུངས་སྐྱེལ་བྱས་པ་མ་ཟད། མལ་གྲོ་གུང་དཀར་རྫོང་དུ“གྲ་སྒྲིག་ཐག་གཅོད་དང་མིས་བཟོས་འདམ་ར་ཟུང་འབྲེལ”གྱི་བཙོག་ཆུ་གཙང་གསིང་གི་ཚོད་ལྟའི་རྣམ་གྲངས་ལག་བསྟར་ཡང་བྱས་ཡོད། ཚོད་ལྟའི་རྣམ་གྲངས་བདེ་བླག་ངང་འཁོར་རྒྱུག་ཐུབ་པའི་རྨང་གཞིའི་ཐོག 2018ལོར་འཆར་གཞི་བཞིན་ལག་བསྟར་བྱས་པའི་བཙོག་ཆུ་གཙང་གསིང་རྣམ་གྲངས་ཀྱི་ལག་རྩལ་བཟང་སྒྲིག་ལེགས་སྒྲིག་བྱས་པ་དང་། དོན་དངོས་ཀྱི་ཆུ་འདྲེན་ཆུ་སྤུས་དང་ཟུང་འབྲེལ་བྱས་པ་མ་ཟད། རྩ་དོན་ཐོག་ནས“གྲ་སྒྲིག་ཐག་གཅོད་དང་མིས་བཟོས་འདམ་ར་ཟུང་འབྲེལ”གྱི་གཙང་གསིང་ལག་རྩལ་བདམས་ཐོག རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་བཙོག་ཆུ་གཙང་གསིང་གི་ལག་རྩལ་ཁྱབ་གདལ་བཏང་བས་རྣམ་གྲངས་བསྐྲུན་རྗེས་འཁོར་རྒྱུག་བདེ་བླག་ཡོང་བའི་འགན་ལེན་བྱས་པ་དང་། ཚད་གཞི་ལོན་པའི་བཙོག་ཆུ་ཕྱིར་འབུད་ཀྱི་བླང་བྱ་དང་མཐུན་ནས་མ་འཇོག་གི་ཕན་འབྲས་ཏན་ཏིག་ཐོན་ཡོད།

    ཚད་ལྡན་ཅན་ལ་སྐུལ་འདེད་བཏང་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཚད་ལྡན་ཅན་གྱི་ལས་གཉེར་བྱས་ཚུལ་ལ་དཔྱད་ཞིབ་བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་ཚད་ལྡན་ཅན་གྱི་དོ་དམ་དཔྱད་ཞིབ་བྱ་ཐབས》(ཚོད་ལྟའི་ལག་བསྟར)དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་དང་ལས་གཉེར་དོ་དམ་བྱ་ཐབས》ལ་གཞིགས་ནས། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་2017ལོ་ནས་བཟུང་ལོ་བཞི་བསྟུད་མར་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཚད་ལྡན་ཅན་གྱི་ལས་གཉེར་བྱས་ཚུལ་ལ་དཔྱད་ཞིབ་བྱས་པ་བརྒྱུད། བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཁོངས་གཏོགས་ཀྱིས་རང་གིས་རང་ལ་དཔྱད་འདེམས་དང་། གྲོང་ཁྱེར་དང་ས་ཁུལ་དོ་དམ་སྡེ་ཚན་གྱིས་བསྐྱར་ཞིབ། རང་སྐྱོང་ལྗོངས་ཀྱིས་འཐེན་བཤེར་བཅས་ཀྱི་བྱེད་སྟངས་ལྟར་ལྗོངས་ཡོངས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭར་དཔྱད་ཞིབ་བྱས་པ་མ་ཟད། སྒྲིག་འཛུགས་བྱས་ནས་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཁྱབ་ཀྱང་བཏང་བས། “ལས་རིགས་ཀྱིས་མཛུབ་ཁྲིད་དང་། གཏོགས་ཁོངས་ཀྱིས་ལྟ་འདོམས། ཁེ་ལས་ཀྱིས་འགན་འཁུར་བའི”འགན་འཁྲིའི་ལམ་སྲོལ་སྔར་བས་ནན་དུ་སོང་བ་རེད།

    ལས་སྒོའི་འཇོན་ཐང་ལ་ཤུགས་སྣོན་བརྒྱབ་ནས་བཙོག་ཆུ་གཙང་གསིང་ཚད་ལྡན་ཅན་ཡོང་བའི་གསོ་སྦྱོང་བྱས་པ། ཚད་ལྡན་ཅན་གྱི་དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་པ་དང་འབྲེལ་ཡོད་ལས་སྒྲུབ་མི་སྣའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད། 2017ལོ་དང་2018ལོར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སྡོད་ཁང་འཛུགས་སྐྲུན་པུའུ་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་བཙོག་ཆུའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཐོག ལྗོངས་ཡོངས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་འཐབ་ས་དང་པོའི་ལས་སྒྲུབ་མི་སྣ་100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་དོ་དམ་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་། བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཁོར་སྐྱོད། སྲུང་སྐྱོང་དང་བདེ་འཇགས་ལག་རྩལ་ཚད་ལྡན་དུ་གཏོང་བ་སོགས་འབྲེལ་ཡོད་ནང་དོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། 2019ལོའི་ཟླ་11པར་སྡོད་ཁང་འཛུགས་སྐྲུན་པུའུ་དང་མཉམ་དུ་བཙོག་ཆུ་གཙང་གསིང་གསོ་སྦྱོང་ལས་དོན་སྤེལ་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭའི་གཉེར་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚད་གཞི་ཅན་དུ་སྔར་བས་འགྱུར་བ་བྱས་ཏེ། ལྗོངས་ཡོངས་སུ་བཙུགས་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ལས་གཉེར་འཁོར་སྐྱོད་ཐུབ་ཚད་ཆེ་རུ་བཏང་ཞིང་། 2019ལོའི་ཟླ་12པར་ཉིང་ཁྲི་གྲོང་ཁྱེར་དུ“ལྗོངས་ཡོངས་ཀྱི་ཧྲི་ཀྲང་དང་རྫོང་དཔོན་གྱི་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་གྱི་དངོས་སྒྲུབ་གསོ་སྦྱོང་འཛིན་གྲྭ”འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་གྲོང་ཁྱེར་སྣོད་བཅུད་ཆུ་ལག་འཛུགས་སྐྲུན་སྐོར་སོགས་ལ་མུ་མཐུད་སློབ་སྦྱོང་བྱས་པ་རེད།

    དཀའ་སྤྱད་དང་དུ་བླངས་ནུས་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ཡུན་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ད་ཆ་ལྗོངས་ཡོངས་སུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་18ལས་གཉེར་བྱེད་བཞིན་ཡོད་པ་དང་། བཟོ་གྲྭ་14ཚོད་ལྟའི་ངང་ལས་གཉེར་བྱེད་བཞིན་པ། བཟོ་གྲྭ་56སྐྲུན་བཞིན་ཡོད། 2016ལོ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་སྔར་ན་བྱུང་མྱོང་མེད་པའི་འཕེལ་རྒྱས་ཕྱིན་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་ཏུ་ལྗོངས་ཡོངས་ཀྱི་རྫོང་གྲོང་60ལ་ད་དུང་བཙོག་ཆུ་གཙང་གསིང་སྒྲིག་བཀོད་བསྐྲུན་མེད་རུང་། 2020ལོར་རྫོང་གྲོང་9ལ་བཙོག་ཆུ་གཙང་གསིང་སྒྲིག་བཀོད་བསྐྲུན་འགོ་ཚུགས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་ཏུ་རྫོང་གྲོང་དུ་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྩིས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391516551