བོད་ལྗོངས།
ལྗང་མདོག་ལ་བརྟེན་ནས་འབྱོར་འབྲིང་གི་ལམ་བུར་སྐྱོད་པ།

    ལྷ་ས་གྲོང་ཁྱེར་གྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་བྱེད་པའི”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་ཁོར་ཡུག་མཛེས་སུ་སོང་བ་དང་མི་སེར་ཕྱུག་པོ་ཆགས་པ།

    འདི་ནི་མཛེས་སྡུག་ལྡན་པའི་འདམ་གཞུང་རྩྭ་ཐང་ཡིན་པ།

    སྣོད་བཅུད་སྲུང་སྐྱོང་བྱས་པས། ཐང་རྒོད་སྔོ་ལྗང་གོས་ཀྱིས་བརྒྱན་པ་དང་འཚོ་བ་དེ་བས་སྐྱིད་སྣང་དོད་དུ་སོང་བ།

    སྣོད་བཅུད་ཁོར་ཡུག་གི་རྒྱུ་སྤུས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གཞི་རྩ་དེ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་བྱེད་པའི”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་པའི་མི་སེར་གྱི་དགོས་མཁོར་ཨ་ལན་སློག་པ། དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གི་འབྲེལ་བ་སྤྱི་འདོམས་དོ་སྙོམས་ཡག་པོ་ཡོང་བ་བཅས་བྱས་པས་མི་སེར་ཕྱུག་པོ་ཆགས་པ་དང་ཁོར་ཡུག་མཛེས་སུ་སོང་ཡོད།

    ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་གི་རི་བོའི་ཐོག་བཞད་པའི་མེ་ཏོག་སྣ་ཚོགས་སིལ་སིལ་རླུང་གིས་གཡོ་བ་དང་། གྲལ་སྟར་འགྲིག་པའི་ལྗོན་ཤིང་སྔོ་ཐིང་ཐིང་དུ་གནས་པ། ཤིང་ཟམ་འོག་ཏུ་ཆུ་ཕྲན་ཤང་ཤང་དུ་རྒྱུག་པས་རང་བྱུང་གི་གསོ་རླུང་ཁང་པ་ཞིག་དང་གཉིས་སུ་མ་མཆིས།

    སྔོན་ཆད་ཀྱི་ལྷོ་རིའི་རྣམ་པ་ནི་ད་ལྟ་བཞིན་སྔོ་ལྗང་མཛེས་ལྗོངས་མཐོང་རྒྱུ་མེད་པར་གང་སར་སྐྱ་ཐེར་རེར་གནས་ཡོད།

    2012ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རིར་ནགས་བཟོ་སྔོ་སྒྱུར་གྱི་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ཏེ་སྡོང་ཕྲུག་སྣ་ཚོགས་འདེབས་འཛུགས་བྱེད་འགོ་ཚུགས་པ་དང་། མི་དང་རྟ་དྲེལ་ལ་བརྟེན་ནས་སྡོང་ཕྲུག་དང་གནས་སྤོས་ས་རྒྱུ་རི་སྟེང་དུ་དབོར་བ། ཆུ་རི་སྟེང་དུ་འདྲེན་པ་བཅས་བྱས་པས་ཐང་རྒོད་དག་སྔོ་ཐིང་ངེར་གནས་པའི་མཛེས་སྡུག་ལྡན་པའི་སྤྱི་གླིང་ཞིག་ཏུ་གྱུར་ཡོད། ད་ཆ་གསར་དུ་ཁ་སྣོན་བྱས་པའི་སྔོ་ཁེབས་ཀྱིས་ལོ་རེར་བྱེ་འདམ་ཤོར་སྐྱོན་ཏུན་4000ཉུང་དུ་ཕྱིན་ཏེ་ས་ཆུ་ཤོར་སྐྱོན་ཉུང་དུ་ནུས་ལྡན་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ནས་གྲོང་མི་ཚོར་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།

    ལྷ་སར་འཚོ་བ་སྐྱེལ་མཁན་ཞིག་གི་ངོས་ནས་བརྗོད་ན་འགྱུར་ལྡོག་ཆེ་ཤོས་དེ་གང་རེད་དམ། སྣེའུ་ཁུལ་གསར་ཧའེ་ལེང་ཕོ་བྲང་ཁུལ་ཆུང་དུ་འཚོ་བ་སྐྱེལ་བཞིན་པའི་བགྲེས་སོང་བཀྲ་ཤིས་ཕུན་ཚོགས་ཀྱིས“འགྱུར་ལྡོག་ཆེ་ཤོས་ནི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་དང་ལྷ་ས་ཉིན་རེ་བཞིན་སྔོ་ལྗང་ཅན་དུ་གྱུར་པ་དེ་རེད”ཅེས་བརྗོད།

    ད་ལྟ་གཟའ་མཇུག་སླེབས་རིམ་བཞིན་བཀྲ་ཤིས་ཕུན་ཚོགས་ཀྱིས་གྲོགས་པོ་ཚོ་དང་མཉམ་དུ་ལྷོ་རིའི་སྤྱི་གླིང་དུ་བསྐྱོད་ནས་ཆུ་ཕྲན་དང་བསིལ་ཁང་ལ་མྱོང་རོལ་གྱིས་རང་བྱུང་གི་གསོ་རླུང་ཁང་པའི་ནང་ལྷ་སའི་སྣོད་བཅུད་ཀྱི་མཛེས་ཉམས་ལ་ཅི་དགར་རོལ་གྱི་ཡོད།

    སྣོད་བཅུད་སླར་གསོ་བྱས་པས། རྩྭ་ཕྱུགས་དོ་སྙོམས་བྱུང་བ་དང་སྲོག་ཆགས་བདེ་ལ་འཁོད་པ།

    ལྷ་སའི་བྱང་སྒོ་ཆེ་མོའི“རང་བྱུང་འབྲོག་ར”ཡིན་པའི་འདམ་གཞུང་ལ་ས་བབ་མཐོ་ཚད་སྨི་4300ཡོད་པ་དང་འབྲོག་ལས་ནི་འདམ་གཞུང་རྫོང་གི་རྨང་གཞིའི་ཐོན་ལས་ཤིག་རེད། སྔོན་ཆད་རྩྭ་ར་མུའུ་ཁྲི་900ལྷག་ཙམ་ཐོག་ནོར་ལུག་ཁྲི་བཅུ་ཕྲག་ཁ་ཤས་འཚོ་ཡི་ཡོད། རྩྭ་རའི་ཕྱུགས་འཚོ་ཚད་ལས་བརྒལ་བས་རྩྭ་ཕྱུགས་དབར་གྱི་འགལ་ཟླ་ཉིན་རེ་བཞིན་ཆེ་རུ་འགྲོ་ཡི་ཡོད།

    ཉེ་བའི་ལོ་ཤས་ཚུན་དུ། འདམ་གཞུང་རྫོང་གིས་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་འབྲི་གཡག་རྒྱགས་གསོའི་མཉམ་ལས་ཁང་ཚད་ལྡན་དུ་གཏོང་བ་དང་། ཁྱིམ་ཚང་འབྲོག་ར་འཕེལ་རྒྱས་གཏོང་བ། ཕན་འབྲས་ཆེ་བའི་གསོ་ཚགས་རྒྱགས་གསོའི་ལག་རྩལ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཁྱིམ་ཚང་འབྲོག་རའི་གཟན་རྩྭ་ཉོ་སྒྲུབ་ཀྱི་རོགས་སྐྱོར་སྲིད་ཇུས་བཏོན་པས་འབྲོག་ལས་ཐོན་རྫས་ཀྱི་སྤུས་ཚད་ཡག་ཏུ་དང་འགྲན་རྩོད་ནུས་ཤུགས་ཆེ་རུ་ནུས་ལྡན་སོང་བ་མ་ཟད། རྩྭ་ཕྱུགས་ཀྱི་འགལ་ཟླ་ཞི་ལྷོད་དུ་གཏོང་གང་ཐུབ་ཀྱང་བྱས་པ་རེད།

    སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོའི་ཆོས་དཀར་ཁྱིམ་གྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་400ལྷག་ཙམ་ཡོད་པའི་ཁྱིམ་ཚང་འབྲོག་རར་ཕྱུགས་ར་དང་། ཆག་གཞོང་། གཟན་ཁང་། རིམས་འགོག་ཁང་། ཁྲོན་པ་སོགས་གང་དགོས་ཚང་མ་འཛོམས་ཡོད་ལ་ཆོས་དཀར་གྱིས་ཕྱུགས་རའི་ནང་འབྲི་གཡག་ལ་གཟན་རྩྭ་སྟེར་བའི་ལས་ལ་བྲེལ་བཞིན་ཡོད།

    ཆོས་དཀར་གྱིས“ཁྱིམ་ཚང་འབྲོག་ར་འཕེལ་རྒྱས་བཏང་བ་བརྒྱུད་རང་ཉིད་ཀྱིས་གཉེར་སྐྱོང་དོ་དམ་བྱེད་སྟངས་ཤེས་པ་མ་ཟད། ཚད་ལྡན་ཅན་གྱི་གསོ་ཚགས་ལག་རྩལ་ཡང་ཁོང་དུ་ཆུད་བྱུང་། གལ་ཆེ་ཤོས་ནི་བུ་རབས་ཚ་རྒྱུད་འཚོ་སྡོད་བྱེད་སའི་འདམ་གཞུང་རྩྭ་ཐང་ལ་སྲུང་སྐྱོང་ཡག་པོ་བྱས་ནས་མི་རབས་རྗེས་མ་ཚོར་རྩྭ་ཆུ་འཛོམས་པའི་རྩྭ་ར་ཞིག་འཇོག་རྒྱུ་དེ་རེད”ཅེས་བརྗོད།

    རྩྭ་ཕྱུགས་ཀྱི་འགལ་ཟླ་ཞི་ལྷོད་དུ་སོང་བས་འདམ་གཞུང་རྫོང་ཨ་རྭ་འདམ་རར་རྩྭ་ཆུ་ཕུན་སུམ་ཚོགས་ལ་ཁོར་ཡུག་ཧ་ཅང་མཛེས་སྡུག་ལྡན་པར་གྱུར་ཡོད། ལོ་ལྟར་ཟླ་4པའི་ཟླ་མཇུག་ནས་བཟུང་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་གནས་དེར་ངལ་ཅུང་ཙམ་གསོས་རྗེས་འཚོ་སྡོད་བྱ་ཡུལ་རྗེས་མ་དེར་འཕུར་འགྲོ་ཡི་ཡོད།

    འབྲོག་པ་སྟོབས་ལགས་ཀྱིས“ཁྲུང་ཁྲུང་སྐེ་ནག་འདམ་རར་འཚོ་སྡོད་བྱེད་པར་ཡོང་འདོད་པ་དེ་ཐོག་ནས་འདམ་གཞུང་གི་སྣོད་བཅུད་ཁོར་ཡུག་ཡག་པོ་ཡོད་པ་མཚོན་གྱི་ཡོད། རི་སྐྱེས་སྲོག་ཆགས་དེ་བས་མང་བ་འདམ་གཞུང་དུ་གནས་བཅའ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    སྣོད་བཅུད་དམངས་ཕྱུག་གི་སྲིད་ཇུས་ལག་བསྟར་བྱས་པས། ས་ཞིང་མཛེས་ལྗོངས་ཁུལ་དུ་གྱུར་པ་དང“སྣོད་བཅུད་ཀྱི་ཡོང་འབབ”བྱུང་བ།

    “ཚང་མ་འབྲོག་མ་གྲོང་ཚོར་ཕེབས་པར་དགའ་བསུ་ཞུ། ང་ཚོའི་གྲོང་ཚོའི་ཡུལ་ལྗོངས་མཛེས་པ་དང་། ཞག་སྡོད་ཆ་རྐྱེན་ཡག་པ། མི་གཤིས་དེ་བས་བཟང་པོ་ཡོད། རླངས་འཁོར་བསྡད་དེ་སྟོད་ལུང་གཙང་པོའི་རོང་ཁུལ་དབུས་རྒྱུད་དུ་གནས་པའི་གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོར་བསྐྱོད་སྐབས་རླངས་འཁོར་འབབ་མ་ཐག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཀྱིས་བྱང་ཆུབ་པའི་སྤྱི་སྐད་ལ་བརྟེན་ནས་ཡུལ་སྐོར་བར་སྣེ་ལེན་ཞུས།

    ཉེ་བའི་ལོ་ཤས་ཚུན་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཡིན་པའི་འབྲོག་མ་གྲོང་ཚོས་རང་བྱུང་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་དང་། ཞང་ཞུང་མེ་ཏོག་དང་བདེ་སྐྱིད་བོད་ཁྱིམ་སོགས་རིག་གནས་དང་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས། ས་ཞིང་མུའུ་7800ལྷག་ཙམ་བརྒྱུད་བཤུག་བཏང་བ་བརྒྱུད་མང་ཚོགས་1979ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་ཁྱབ་འགྱེད་སྣེ་ཁྲིད་ཐུབ་ཡོད། སྔོན་ཆད་རྨོ་འདེབས་ཕྱུགས་འཚོར་བརྟེན་ནས་འཚོ་ཐབས་བྱེད་པའི་དབེན་པའི་རི་གྲོང་དེ་ད་ཆ་དྲ་ཐོག་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་དུ་གྱུར་ནས་མང་ཚོགས་ཚོར“སྣོད་བཅུད་ཀྱི་ཡོང་འབབ”ཡག་པོ་བྱུང་ཡོད།

    ཁོམ་པ་མང་དུ་ཕྱིན་པའི་པད་མས་གླིང་ཁུལ་དུ་ཐོན་ལས་བཟོ་པ་བྱས་ཏེ་སྡོང་ཕྲུག་འདེབས་པ་དང་། ཞིང་སྨན་རྒྱག་པ། ཡལ་གཅོད་བྱེད་པ་བཅས་ཀྱི་ལས་ལ་གཞོལ་བས་ཉིན་རེར་ཡོང་འབབ་སྒོར་180ཙམ་ཡོད། “ས་ཞིང་གཤིན་པོ་མེད་པ་དང་ཆུ་འདྲེན་སྟབས་བདེ་མེད་པས་འབྲོག་མ་གྲོང་ཚོའི་ཕ་མེས་ཚོས་རི་ཆུ་བཟང་པོ་སྲུང་ཡོད་ཀྱང་འཚོ་བ་སྐྱོ་པོ་ཞིག་སྐྱེལ་གྱི་ཡོད”ཁོང་གིས་གད་མོ་དང་བཅས“ད་ཆ་སྡུག་བསྔལ་བདེ་ལ་འཁོད་ཅིང་། 2019ལོར་གླིང་ཁུལ་གྱི་བགོ་འགྲེམས་དང་། ལས་མིར་བསྐྱོད་པ། ཆུ་ལམ་བདག་སྲུང་པ་སོགས་ཀྱི་ཡོང་འབབ་བསྡོམས་ན་ང་ཚོའི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ལ། ཉིན་ལྟར་མེ་ཏོག་གི་དྲི་ཞིམ་དང་བྱ་བྱེའུ་ཡི་སྐད་སྙན་ཐོས་རྒྱུ་ཡོད་པས་འདི་ནི་འབྱོར་འབྲིང་འཚོ་བ་རང་རེད”ཅེས་བརྗོད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལྗང་མདོག་ནི་གཞི་རྩ་ཡིན་ཞིང་། སྔོ་ཞིང་དྭངས་བའི་རི་ཆུ་དང་། གཡའ་དག་པའི་ནམ་མཁའ་ནི་རི་མོའི་རྩ་བའི་ཁ་དོག་དེ་རེད་ལ་རི་མོ་ཧྲིལ་པོའི་ཚོན་མདངས་གཏན་འཁེལ་བྱེད་ཀྱི་ཡོད། ཐང་རྒོད་སྔོ་ལྗང་དུ་གྱུར་པ་དང་རྩྭ་ཕྱུགས་དོ་སྙོམས་བྱུང་བ་ཡིན་ནའང་འདྲ། ས་ཞིང་མཛེས་ལྗོངས་ཁུལ་དུ་གྱུར་པ་ཡིན་ནའང་འདྲ། གང་ལྟར་དེ་དག་ཚང་མ་ལས་གསར་འགོད་པར་འབྱོར་འབྲིང་ལམ་བུའི་ཐོག་མང་ཚོགས་ཚོར་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟབ་མོ་ལྡན་པའི་མྱོང་ཚོར་བྱུང་།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392110311