བོད་ལྗོངས།
སྣོད་བཅུད་ཁྱིམ་གཞིས་བསྲུངས་ནས་ཞི་མཐུན་སྤྱི་ཚོགས་བསྐྲུན།

    —— ལྷ་ས་གྲོང་ཁྱེར་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པའི་སྐོར་གྱི་དངོས་བྲིས།

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་ནས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། སྣོད་བཅུད་འཛུགས་སྐྱོང་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པས། མི་དམངས་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་སྣོད་བཅུད་ཤེས་དཔལ་གྲོང་ཁྱེར་གཏོད་པར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་རྣམ་པ་བཟང་པོ་བཏོད་པ།

    “སྐུ་ཁམས་བཟང་། ངས་སྤྲེའུ་ཞིག་མཐོང་བྱུང་། ཡིན་ནའང་གྲུང་ཤ་དོད་པོ་དེ་ཙམ་མི་འདུག ཕལ་ཆེར་རྨས་སྐྱོན་ཕོག་ཡོད་པ་འདྲ། ཁྱེད་ཚོས་ལས་དོན་མི་སྣ་ཞིག་ལྟ་བར་གཏོང་རོགས་གནང”ཞེས་ཉེ་ཆར་ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ལ་སེམས་བཟང་ཅན་གྱི་གྲོང་མིའི་ཁ་པར་འདི་འདྲ་ཞིག་འབྱོར། ཁ་པར་འབྱོར་རྗེས་ཅུས་དེའི་ལས་དོན་མི་སྣ་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་བསྐྱོད། ལས་དོན་མི་སྣས་སྤྲེའུ་ལ་ཞིབ་བཤེར་བྱས་པ་བརྒྱུད་རྨས་སྐྱོན་གང་ཡང་ཤོར་མེད་པའི་ཐག་བཅད། ལས་དོན་མི་སྣས་སྤྲེའུ་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས་ཡིན་པའི་ངོས་འཛིན་བྱས་པ་དང་། མིག་སྔར་སྤྲེའུ་ཆུ་ཤུར་སྲོག་ཆགས་གླིང་དུ་ཡོད་པ་དང་གསོ་སྐྱོང་བས་ལྟ་སྐྱོང་ཡག་པོ་བྱེད་བཞིན་ཡོད་པ་རེད། ལས་དོན་མི་སྣས་སྤྲེའུ་དེའི་གཤིས་རྒྱུད་ངར་པོ་ཡོད་པས་ཕྱིར་གློད་རྒྱུའི་ཆ་རྐྱེན་ཚང་ཚེ་གཞི་ནས་ལྷོ་ཁ་གྲོང་ཁྱེར་རམ་ཡང་ན་ཉིང་ཁྲི་གྲོང་ཁྱེར་གྱི་རང་བྱུང་ཁམས་སུ་གློད་རྩིས་ཡོད་པ་རེད།

    རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པ་ནི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སྣོད་བཅུད་དོ་སྙོམས་སྲུང་སྐྱོང་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་དེའི་ནང་མི་ཚང་མ་ཧུར་ཐག་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་རིམ་བཞིན་ཆགས་ཡོད།

    དོ་དམ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་སྐྱེ་དངོས་དང་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་འབྲས་དངོས་ཐོན་པ།

    རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་དེ་བས་ཡག་པོ་བྱ་ཆེད། ལྷ་ས་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྲུང་སྐྱོབ་དོ་དམ་གྱི་འགན་འཁྲིའི་བྱ་ཐབས་སྣ་ཚོགས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་རྒྱུན་གཏན་ནས་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། རི་སྐྱེས་སྲོག་ཆགས་དང་རྩ་ཆེའི་རྩི་ཤིང་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་བརྒྱུད་རིམ་དང་ལམ་ལུགས་རིམ་པས་ཚད་ལྡན་དུ་བཏང་ནས་ཞིབ་བཤེར་སྙན་སེང་བརྒྱུད་སྐུར་གྱི་གོ་རིམ་མཐའ་འཁྱོངས་བྱས་ཏེ་ཁྲིམས་བཞིན་ལག་ཁྱེར་གཉེར་ཡོད། གཙོ་གནད་སྲུང་སྐྱོབ་ཀྱི་ཁྲིམས་བསྟར་ཆེད་དོན་བྱ་སྤྱོད་སྤེལ་ནས་ནགས་ཚལ་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་མཐུན་སྦྱོར་བྱས་ཤིང་དུས་ངེས་མེད་དུ་ཞིབ་བཤེར་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་ཁུལ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རགས་ཙམ་གཞི་ཁྱོན་ལྡན་པར་གྱུར་ནས་སྲུང་སྐྱོབ་ཀྱི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། འདམ་ར་དང་རི་སྐྱེས་སྲོག་ཆགས་ཀྱི་བརྟག་དཔྱད་ཐེངས་གཉིས་པ་དང་དེ་བཞིན་སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་ཞིབ་དཔྱད་བྱས་པའི་གྲངས་གཞི་ལས་མངོན་གསལ། ཁོངས་གཏོགས་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་སྲུང་སྐྱོབ་སྲོག་ཆགས་གཙོ་བོའི་འཚོ་སྡོད་ཁུལ་སྲུང་སྐྱོབ་ནུས་ལྡན་ཐུབ་པ་མ་ཟད། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཀྱང་རང་བྱུང་གི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

    ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་གཞི་བཙུགས་ཏེ་སྲུང་སྐྱོང་ཁུལ་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

    ལྷ་ས་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སྡེ་ཚན་བཙུགས་པ་ནས་བཟུང་། རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོང་དང་དོ་དམ་ལས་དོན་རྒྱུན་མཐུད་ནུས་ལྡན་ངང་སྤེལ་བས། ཁྱབ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོའི་གྲངས་འབོར་རྒྱུན་མཐུད་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད།

    ལྷ་ས་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་འགོས་ནད་གཏན་འགོག་ནུས་ལྡན་བྱ་ཆེད། རྫོང(ཆུས)དང་དེ་བཞིན་སྲུང་སྐྱོང་ཁུལ་དུ་མི་གཉིས་ཡན་གྱི་ཞིབ་བཤེར་བ་དང་སྐོར་སྲུང་བ་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་ལམ་ལུགས་བཟོས་པ། དོ་དམ་གྱི་གྲོས་མཐུན་ལ་མིང་བཏགས་བཀོད་པ་བཅས་བྱས་པ་དང་། ལྟ་ཞིབ་སྐོར་སྲུང་གི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་། སྐོར་སྲུང་དམིགས་སར་འབྱོར་བ། ལྟ་དཔྱད་ལས་གནས་སུ་འཁྱོལ་བ་བཅས་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ཆུ་ཤུར་རྫོང་དུ་སོ་སོར་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་བཙུགས་པ་དང་། ཆུ་ཤུར་རྫོང་གི་མྱུར་སྐྱོབ་ས་ཚིགས་བཙུགས་པ་ནས་བཟུང་རི་སྐྱེས་སྲོག་ཆགས་44བདེ་བླག་ངང་བསྐྱབས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་2020ལོར་ལྷ་ཀླུ་འདམ་རར་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་གཅིག་བསྐྲུན་ནས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལས་དོན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་འཆར་གཞི་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393187941