བོད་ལྗོངས།
བོད་ལྗོངས་ཀྱི་ཡུལ་སྐོར་གཙོ་དོན་བྱས་ནས་མིང་བཏགས་པའི་མྱུར་བགྲོད་མེ་འཁོར་ཐོག་མ་ཧྲང་ཧའེ་ནས་གཏོང་འགོ་ཚུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་8ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། “མཛེས་པའི་བོད་ལྗོངས་ལྷོ་ཁའི་ཡུལ་ནས་བསྐོར”ཞེས་མིང་བཏགས་པའི་མྱུར་བགྲོད་མེ་འཁོར་ཐོག་མ་གཏོང་བའི་མཛད་སྒོ་དེ་ཧྲང་ཧའེ་ཧུང་ཆའོ་བབས་ཚུགས་སུ་འཚོགས་པ་རེད། དེ་ནི་བོད་ལྗོངས་ཀྱི་ཡུལ་སྐོར་གཙོ་དོན་བྱས་ནས་མིང་བཏགས་པའི་མྱུར་བགྲོད་མེ་འཁོར་ཐོག་མ་རེད། མྱུར་བགྲོད་ལྕགས་ལམ་བརྒྱུད་བོད་ལྗོངས་ལྷོ་ཁའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དེ་མེས་རྒྱལ་གྱི་ས་གནས་གང་སར་བརྒྱུད་སྤྲོད་བྱས་ཏེ་ལྷོ་ཁའི་ཡུལ་སྐོར་སྤུས་རྟགས་རིམ་སྤོར་དང་སྙན་གྲགས་ཆེར་གཏོང་ལ་རམ་འདེགས་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “མཛེས་པའི་བོད་ལྗོངས་ལྷོ་ཁའི་ཡུལ་ནས་བསྐོར”ཞེས་མིང་བཏགས་པའི་མྱུར་བགྲོད་མེ་འཁོར་གྱིས་ཕྱོགས་མང་པོ་ནས་ལྷོ་ཁའི་ཁྱད་ལྡན་ཡུལ་སྐོར་མཛེས་ལྗོངས་ངོ་སྤྲོད་བྱེད་རྒྱུ་རེད། འགྲུལ་པ“མཛེས་པའི་བོད་ལྗོངས་ལྷོ་ཁའི་ཡུལ་ནས་བསྐོར”ཞེས་མིང་བཏགས་པའི་མྱུར་བགྲོད་མེ་འཁོར་ནང་བསྡད་ཚེ་ལྷོ་ཁའི་ཁྱད་ཆོས་མངོན་གསལ་དོད་པོ་དང་རིག་གནས་ཀྱི་སྙིང་དོན་ཟབ་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁྲོད་དངོས་སུ་ཡོད་པ་དང་གཉིས་སུ་མེད་པས་ཐག་ཉེ་སར་ལྷོ་ཁའི་མཛེས་སྡུག་མྱོང་རོལ་ཐུབ་ཀྱི་ཡོད།

    “ལྷོ་ཁའི་ཡུལ་སྐོར་དང་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་མཉམ་ལས་བྱས་ཏེ་ལྷོ་ཁའི་རིག་གནས་དང་ཡུལ་སྐོར་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད”ཅེས་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་རུ་སྣེ་ཁྲིད་མཁན་ཝང་ཧྭ་ཏུང་གིས་བརྗོད།

    “མྱུར་བགྲོད་མེ་འཁོར་གྱིས་ལྷོ་ཁའི་རིག་གནས་དང་ཡུལ་སྐོར་ཁྱབ་འགྱེད་ཀྱི་ཁྱབ་ཁོངས་ཆེ་རུ་ཏན་ཏིག་བཏང་ནས་ལྷོ་ཁའི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་ཐུབ་པ་དང་ཆབས་ཅིག རྒྱ་ཆེའི་ཡུལ་སྐོར་བ་ཚོས་སྐྱིད་སྣང་དང་བློ་ཡིད་ཚིམ་པའི་ཡུལ་སྐོར་མྱོང་རོལ་བྱེད་ཐུབ”ཅེས་ཧྲང་ཧའེ་ལྕགས་ལམ་རིག་གནས་བརྡ་ཁྱབ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མེ་འཁོར་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡོན་ཧྥེང་གིས་བརྗོད།

    འདི་ལོའི་ལོ་སྟོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ལ་ལྷོད་གཡེང་མི་གཏོང་བའི་གནས་ཚུལ་འོག བོད་ཀྱི་རིམ་ཁག་ཡུལ་སྐོར་སྡེ་ཚན་གྱིས“གྲངས་འབོར་ལ་ཚོད་འཛིན་དང་། སྔོན་མངགས། འཚང་གཡོལ” བཅས་ཀྱི་བླང་བྱ་ལྟར་རང་བྱུང་མཛེས་ལྗོངས་རིགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་དབྱེ་ཚད་ལྡན་དུ་བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་833ལྷག་ཙམ་ལ་སྣེ་ལེན་བྱས་པ་རེད། ལྷག་པར་དུ་ཟླ་5པ་དང་6པ་ཚུན་དུ་བོད་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ནས་དུས་མཚུངས་ལས་27.04%དང་36.86%སོ་སོར་འཕར་ནས་འཕེལ་ཕྱོགས་བཟང་པོ་མངོན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393240971