བོད་ལྗོངས།
རྩི་ཤིང་མེ་ཏོག་གིས་བཀླུབས་པའི་མངའ་རིས་ཀྱི་དགུན་ས།

    —— སྒར་རྫོང་དགུན་ས་ཤང་གི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་སྐོར་བཀོད་པ།

    འདི་ནི་ཉམས་གསོ་བྱས་པའི་དགུན་ས་ཤང་གི་སློབ་ཆུང་ཡིན་པ།

    རྒྱུན་དུ་མངའ་རིས་ཀྱི་དགུན་སའི་གནམ་ཐང་དུ་གནམ་གྲུ་འབབ་ལ་ཉེ་དུས། འགྲུལ་པ་དག་གིས་འོག་ཏུ་རྒྱུག་པའི་སྒར་གཙང་པོའི་ཉེ་འཁོར་དུ་སྔོ་ཐིང་ཐིང་ཡུག་གཅིག་མཐོང་བ་དང་། ས་བབ་སྨི་4300ཟིན་པའི་བོད་ནུབ་ཀྱི་ས་མཐོའི་ཡུལ་གྲུ་ཉམས་དགའ་བ་དེ་ནི་སྒར་རྫོང་གི་དགུན་ས་ཤང་སྲིད་གཞུང་གནས་ཡུལ་ཡིན་ལ་གནམ་ཐང་ལ་ཡང་དེ་ལ་བརྟེན་ནས་མིང་ཐོགས་པ་ཞིག་རེད།

    སྒར་གཙང་པོའི་ཉེ་འགྲམ་དུ་གནས་པའི་དབང་གིས་དགུན་ས་ཤང་ཁོངས་ཀྱི་ས་ཆ་ཁོད་སྙོམས་ལ་རྩྭ་ཆུ་བཟང་བས། སྒར་རྫོང་གིས་ཡུལ་དེ་གར་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་ནས་འབུ་སུ་ཧང་མུའུ་ཁྲི་བཏབ་ཁར་གནམ་ཐང་བསྐྲུན་པ་དང་རྒྱལ་ལམ་219རྫོང་ཁོངས་སུ་ཤར་གཏོང་ཐུབ་པས་དགུན་ས་མངའ་རིས་ལ་འགྲོ་སའི་བརྒྱུད་ལམ་དང་སྐད་གྲགས་ཆེ་བའི་ས་ཆ་ཞིག་ཏུ་གྱུར་ཡོད།

    ད་ལོ་ནས་བཟུང་། དགུན་ས་སྔར་བས་མཛེས་ལ་ཉམས་དགའ་བ་ཞིག་ཏུ་བསྐྲུན་པ་དང་དགུན་ས་ཤང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་ཉེ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་ཆེད། སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་730བཏང་ནས་དགུན་ས་ཤང་ལ་སྔོ་འགྱུར་དང་། མཁྲེགས་འགྱུར། མཛེས་འགྱུར་སོགས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་ཁྲོམ་གཞུང་གི་འཛུགས་སྐྲུན་དང་ཉེ་འཁོར་གྱི་འཕྲོད་བསྟེན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ་དང་། ཤང་སློབ་ཆུང་གི་མོ་ཊ་འཇོག་ས་དང་ཁྱིམ་བདག་གི་སྒུག་ས་སོགས་གསར་པ་བསྐྲུན་པ་མ་ཟད། ཉེ་འཁོར་གྱི་རྡོ་ཧྲུག་དག་སྔོ་ལྗང་ཁུལ་དུ་སྒྱུར་བཀོད་བྱས་པ་དང་མང་ཚོགས་ཀྱི་ཁང་པའི་རྒྱབ་མདུན་དང་དེ་བཞིན་གནམ་ཐང་གི་ལམ་ཟུར་དུ་རྩི་ཤིང་མེ་ཏོག་ཀྱང་མང་པོ་བཏབ་པ་རེད།

    གསར་འགོད་པ་དགུན་ས་ཤང་སློབ་ཆུང་དུ་སླེབས་སྐབས། སློབ་གྲྭ་གྲོལ་བའི་དུས་ཚོད་དང་ཏག་ཏག་འཁེལ་བས་ཁྱིམ་བདག་མང་པོ་བང་བསྒྲིགས་ནས་ཕྲུ་གུ་སྒུག་སར་ཕྲུ་གུ་བསྒུགས་ནས་བསྡད། དེ་ནས་དགེ་རྒན་གྱི་སྣེ་ཁྲིད་འོག་ཕྲུ་གུ་ཚོ་སློབ་གྲྭའི་སྒོ་རྩར་རིམ་བཞིན་སླེབས། “སྔོན་མ་སློབ་གྲྭའི་སྒོ་ཁར་བྱེ་མས་གང་བ་དང་། ཕྱི་དྲོར་བྱེ་རླུང་ལྡང་གི་ཡོད། ཁྱིམ་བདག་ཚོ་ཡང་སློབ་གྲྭའི་སྒོ་ཁའི་གཞུང་ལམ་དུ་རུབ་ནས་ཕྲུ་གུ་སྒུག་གི་ཡོད་པས་འགྲིམ་འགྲུལ་ཐད་མི་མངོན་པའི་རྐྱེན་ངན་ཆེན་པོ་ལྡན་ཡོད། ད་ལོ་ཤང་དུ་མོ་ཊ་འཇོག་ས་དང་ཕྲུ་གུ་སྒུག་ས་བསྐྲུན་པའི་ཁར་སློབ་གྲྭའི་ཉེ་འཁོར་དུ་ལྗོན་ཤིང་དང་མེ་ཏོག་བཏབ་པས་ཁོར་ཡུག་ཉམས་དགའ་བ་ཞིག་ཏུ་གྱུར་པ་དང་། ཕྲུ་གུ་ཚོའི་འགྲིམ་འགྲུལ་བདེ་འཇགས་ལའང་ཕན་ཐོགས་འདུག། ཏང་དང་སྲིད་གཞུང་ལ་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགུན་ས་ཤང་གི་མང་ཚོགས་བསྟན་འཛིན་སྒྲོལ་མས་བུ་མོ་བསུས་ནས་འགྲོ་ཞོར་དགའ་ཚོར་ཆེན་པོས་བརྗོད།

    ཁོར་ཡུག་ཇེ་ལེགས་སུ་བཏང་བ་མ་ཟད་དགུན་ས་ཤང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་བརྒྱུད་མང་ཚོགས་ཀྱི་ཡོང་འབབ་ལའང་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོན་ཡོད། ཨར་པོ་རྒྱག་སྐབས་མང་ཚོགས་26བསྡུས་པ་དང་ངལ་ནུས་ཀྱི་འགྲོ་སོང་སྒོར་ཁྲི་20ལྷག་སྤྲད་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8000རག་ཡོད། སྒར་གྲོང་ཚོ་གསར་པའི་བུད་མེད་ཀྲུའུ་རེན་ལྷ་འཛོམས་ཀྱིས་ལས་གྲྭར་གླ་པ་བརྒྱུགས་ནས་ཉིན་རེར་ཡོང་འབབ་སྒོར་230རག་པ་དང་ཟླ་གཅིག་རིང་ཡོང་འབབ་སྒོར་7000ཙམ་གསོག་ཐུབ་ཡོད།

    དགུན་ས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིན་ལེས། དགུན་ས་ཤང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གྲྭས་མཁྲེགས་ཆས་ལེགས་སུ་བཏང་ཁར་ཤང་གི་བཀོད་པ་དང་མཉེན་ཆས་སྔར་བས་ཇེ་ཡག་ཏུ་བཏང་ཞིང་། ལས་བྱེད་པ་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་སོང་ནས་སླད་ཕྱིན་གྱི་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད།

    ཚང་ཚིང་ལྗོན་ཤིང་ཚོགས་ཀྱིས་ཁང་ཁྱིམ་བཀླུབས། དྲི་ལྡན་མེ་ཏོག་སྣ་བརྒྱ་བཞད་ཁ་ཕྱེ། མངའ་རིས་ཀྱི་མིང་བྱང་ལྟ་བུར་གྱུར་པའི་དགུན་སའི་ལྟ་ན་སྡུག་པའི་བཀོད་པ་ལས་མངའ་རིས་སྐོར་བའི་འགྲུལ་པ་ཀུན་ལ་བསུ་བ་ཞུས་ཏེ་དེང་གི་མངའ་རིས་ས་ཆའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་མཚོན་བཞིན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393957931