བོད་ལྗོངས།
“ང་ལ་ཤིང་འཛུགས་པའི་ཕུགས་བསམ་ཞིག་ཡོད”——བཀྲ་ཤིས་དབང་འདུས་དང་ཁོང་གི“སྔོ་ལྗང་ཁྱིམ་གཞིས”

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཡུན་བོད་འབྲེལ་མཚམས་སུ་གནས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོ་ནི་རྫ་ཆུའི་སྐམ་སའི་རོང་ཁུལ་དུ་ཆགས་པས། རི་མཐོ་ལ་གཡང་གཟར་བ་དང་། དེ་གར་ལྗོན་ཤིང་གི་རིགས་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་གཞུང་ལམ་ཤར་ངོས་ཀྱི་རི་སྟེང་དུ། སྟར་ཁ་དང་། རྒུན་འབྲུམ། སེ་འབྲུ། སེའུ་དམར། ཚ་ལུ་མ་སོགས་ཀྱི་འབྲས་ཤིང་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་གཡོ་ཞིང་། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བས། མཐའ་འཁོར་གྱི་རི་ཚོགས་དམར་པོ་དང་བསྡུར་ན་མིག་ལམ་དུ་མངོན་གསལ་དེ་བས་དོད།

    འདི་ག་ནི“སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང”རེད། “ཀུང་སི་+རྟེན་གཞི་+ཞིང་དུད”ཀྱི་བྱ་ཐབས་སྤྱད་ནས་མུའུ་2200ལྷག་ཙམ་གྱི་རི་རྒོད་འགན་གཙང་བླངས་ཏེ་ལྗོན་ཤིང་སྣ་ཚོགས་རྐང་ཁྲི་2ལྷག་ཙམ་བཏབ་པས་ད་ཆ་སྔོ་ལྗང་གི་སྐྱེད་མོས་ཚལ་ཞིག་ཏུ་གྱུར་ཡོད།

    ས་ཆ་དེར་ཡུལ་མིའི་སྣེ་ཁྲིད་ནས་རི་རྒོད་འགན་གཙང་ལེན་མཁན་མཉམ་ལས་ཁང་གི་འགན་འཁུར་བ་བཀྲ་ཤིས་དབང་འདུས་ས་ཆ་དེར་སྐད་གྲགས་ཆེན་པོ་ཡོད། ད་ལོ་ལོ་68ལ་སླེབས་པའི་ཁོང་ནི་སྔ་ས་ནས་ཕྱུག་བདག་ཅིག་ཡིན་པ་དང་། ད་ཆ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་དོན་ནི་ཁོང་གིས་ཕ་ཡུལ་གྱི་རི་རྒོད་སྔོ་ལྗང་དུ་གྱུར་པ་དང་བྱིས་དུས་ཀྱི་ཤིང་འཛུགས་ཕུགས་བསམ་མངོན་འགྱུར་ཡོང་ཆེད་རེད།

(西藏昌都解放70周年·图文互动)(1)“我有一个植树梦”——扎西旺堆和他的“绿色家园”

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བཀྲ་ཤིས་དབང་འདུས་ཀྱིས་སྡོང་ཕྲུག་གི་སྐྱེ་འཚར་ལ་ལྟ་བཞིན་པ། (ཟླ་5ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    “ཆུང་དུས་ང་དེ་གར་ལུག་འཚོ་བར་འགྲོ་ཡི་ཡོད། སྐྱ་ཐེར་ཐེར་གྱི་རི་དག་མཐོང་སྐབས་སེམས་སུ་ཆེན་པོ་ཆགས་རྗེས། ངས་རི་སྟེང་དུ་ཤིང་དང་རྩྭ་བཏབ་ནས་ར་ལུག་རྣམས་ལ་རྩྭ་ཆུ་རྒྱགས་ཚད་བཟའ་རུ་འཇུག་ཨང་སྙམ་གྱི་ཡོད”ཤིང་བཙུགས་ནས་རི་རྒོད་སྔོ་ལྗང་དུ་འགྱུར་བའི་ས་བོན་དེ་ཆུང་བྱིས་པའི་དུས་ནས་བཀྲ་ཤིས་དབང་འདུས་ཀྱི་རེ་བའི་ཞིང་ས་གཤིན་པོར་བཏབ་ཡོད།

    1952ལོར་སྐྱེས་པའི་བཀྲ་ཤིས་དབང་འདུས་ནི་ཆུང་དུས་ནས་འཚོ་བ་དབུལ་ཞིང་ཕོངས་པ་དང་། སློབ་གྲྭར་ལོ་གཅིག་ལས་འགྲོ་ཁོམ་མ་བྱུང་ཞིང་ཁྱིམ་དུ་ཞིང་ལས་བྱས་ནས་བསྡད། དར་མ་ཆགས་རྗེས་འཚོ་ཐབས་ཀྱི་ཆེད་དུ་ས་ཕྱོགས་གང་སར་ཞོར་ལས་བྱེད་པར་སོང་། “མི་ཚོས་ས་ཞིང་འདེབས་མི་ཤེས་པས་མུའུ་རེ་ནས་འབྲུ་རིགས་རྒྱ་མ་100ལྷག་ཙམ་ལས་ཐོན་གྱི་མེད”ཕ་ཡུལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་ནི་བཀྲ་ཤིས་དབང་འདུས་ཀྱི་སྐབས་དེ་དུས་ཀྱི་ཕུགས་བསམ་དུ་གྱུར།

    ལོ་23ལ་སླེབས་པའི་ལོ་དེར་ཁོང་པེ་ཅིང་དུ་ཞིང་ལས་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པར་འགྲོ་བའི་གོ་སྐབས་རག ལོ་གཅིག་སོང་རྗེས་ཕ་ཡུལ་དུ་ལོག་ཏེ་མང་ཚོགས་ཚོའི་སྣེ་ཁྲིད་དེ་རྒྱུད་འདྲེས་གསོ་སྤེལ་བྱེད་འགོ་ཚུགས། ཕྱིས་སུ་བཀྲ་ཤིས་དབང་འདུས་ལ“རྒྱལ་ཡོངས་གྲོང་གསེབ་ཀྱི་ཚན་རིག་སློབ་སྦྱོང་དང་ཚན་རིག་བེད་སྤྱོད་ཀྱི་ཚན་རིག་གཞོན་ནུའི་དཔེ་དམག”དང“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དང་ཞིང་ཕན་ཞིང་དར་གྱི་སྣེ་ཁྲིད་པ”བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས་ས་གནས་དེ་གར་སྐད་གྲགས་ཅུང་ཆེ་བའི་ཞིང་ལས་ལག་རྩལ་བ་ཞིག་ཏུ་གྱུར།

    ཞིང་ལས་ཞིབ་འཇུག་ཐད་ལ་མཁས་པོ་ཡོད་པ་མ་ཟད། བཀྲ་ཤིས་དབང་འདུས་ད་དུང་ཚོང་རྒྱག་མཁས་པོ་ཡོད།

(西藏昌都解放70周年·图文互动)(2)“我有一个植树梦”——扎西旺堆和他的“绿色家园”

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བཀྲ་ཤིས་དབང་འདུས་ཀྱིས་སྡོང་ཕྲུག་གི་སྐྱེ་འཚར་ལ་ལྟ་བཞིན་པ། (ཟླ་5ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    1985ལོར་སྨར་ཁམས་རྫོང་གིས་ཐོན་སྦྲེལ་འགན་གཙང་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བས། བཀྲ་ཤིས་དབང་འདུས་ཀྱིས་སྔོན་ལ་ས་ཞིང་འགན་གཙང་བླངས་ནས་བཏབ་པ་དང་། ད་དུང་དངུལ་བུན་གཡར་ནས་ཉིས་བརྒྱུད་རླངས་འཁོར་ཞིག་ཉོས་ཏེ་བོད་དང་ཡུན་ནན་ས་ཆ་གཉིས་སུ་སྐྱེལ་འདྲེན་ལས་ལ་གཞོལ་བས་ཤང་ནང་གི་སྒོར་ཁྲི་ཡོད་པའི་དུད་ཚང་དང་པོར་གྱུར།

    ཕྱིས་སུ་བཀྲ་ཤིས་དབང་འདུས་ཀྱིས་ཡུན་ནན་དུའང་ཚོང་བརྒྱབ་ནས་སྔ་རྗེས་སུ་ཏ་ལི་རུ་ཇ་ཁང་དང“བཀྲ་ཤིས་ཞིང་འཕྲུལ་ཞིང་ཆས་བཟོ་གྲྭ”སོགས་བཙུགས། ལོ་མང་རིང་ཚོང་རིམ་བཞིན་རྒྱ་ཆེར་བཏང་བས་ཁོང་ཡང་མ་རྩ་སྒོར་ཁྲི་སྟོང་ཕྲག་ཡོད་པའི་ཕྱུག་བདག་ཏུ་གྱུར།

    “ང་ཕྱུག་པོ་ག་ཚོད་ཆགས་ཀྱང་སྐྱེ་ས་འཚར་ས་འཇང་གྲོང་ཚོ་རེད”2010ལོར་བཀྲ་ཤིས་དབང་འདུས་ཀྱིས་མ་དངུལ་སྒོར་ཁྲི་3000ཁྱེར་ནས་ཕ་ཡུལ་དུ་ལོག་སྟེ་རི་རྒོད་འགན་གཙང་བླངས་ནས་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཉམ་ལས་ཁང་བཙུགས་ཏེ་ཁོང་གི་སེམས་ནང་ལ་བསམ་པའི“སྔོ་ལྗང་ཁྱིམ་གཞིས”བསྐྲུན་འགོ་ཚུགས།

    རི་ལམ་འདམ་རྫབ་ཀྱིས་ཁེངས་ཡོད་པས་རི་སྟེང་དུ་གནས་པའི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་གཏན་ནས་མེད། ཁོང་གིས་མ་དངུལ་སྒོར་ཁྲི་སྟོང་ཕྲག་ལྷག་ཙམ་བཏང་ནས་རྒྱལ་ལམ་214ལམ་ཐིག་ནས་འཇང་གྲོང་ཚོའི་ལོ་རེན་ཚོགས་ཆུང་བར་གྱི་རིང་ཚད་ལ་སྤྱི་ལེ་15ཡོད་པའི་རི་ལམ་གསར་པ་བཟོས། རི་སྟེང་དུ་ཆུ་དཀོན་སྟབས་ཁོང་གིས་རི་རྩེ་ནས་ཆུ་དྲངས་བས་ས་གནས་དེ་གའི་མང་ཚོགས་ཀྱི་ཡུན་རིང་ཆུ་དཀོན་པའི་དཀའ་གནད་ཐག་གཅོད་ཐུབ་ཁར། ཞིང་ཆུ་འདྲེན་པར་ཡང་ཕན་པ་ཐོབ་ཡོད།

(西藏昌都解放70周年·图文互动)(3)“我有一个植树梦”——扎西旺堆和他的“绿色家园”

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བཀྲ་ཤིས་དབང་འདུས་ཀྱིས་ཕྱུགས་ལས་བྱེད་པ། (ཟླ་5ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    ས་གནས་དེ་གའི་དཔལ་འབྱོར་ནགས་ཤིང་སྣ་ཁ་གཅིག་ལས་མེད་པས་ཁོང་གིས་སྣ་ཁ་གསར་པ་རྒྱུན་ཆད་མེད་པར་ནང་འདྲེན་བྱས་ནས་ཚོད་འདེབས་ཡང་ཡང་བྱས། ད་དུང་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་ཞིང་། བྱ་མུ་ཏིག་དང་བྱ་དམར་པོའི་གསོ་ཚགས་རྟེན་གཞི་བསྐྲུན་ཡོད། འབྲི་གཡག་རི་སྟེང་དུ་འཚོ་བ་དང་། བྱ་ནགས་ཁྲོད་དུ་གསོ་བ། ཉ་རྫིང་བུར་གསོ་བ་བཅས་བྱས་པས། ད་ཆ་དེ་སྔའི་རི་རྒོད་ཕྱོགས་བསྡུས་ཞིང་རར་གྱུར་ཡོད།

    ཁོང་གིས་སྔ་རྗེས་སུ་ཞིང་རར་མ་དངུལ་འབོར་ཆེན་བཏང་ནས་ས་ཕག་བཟོ་གྲྭ་དང་། བྱེ་རྡོ་ར་བ། སྨན་ཁང་སོགས་བཙུགས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་བྱས་པ་མ་ཟད། ད་དུང་ཞིང་རའི་དགོས་མཁོ་ཡང་བསྐངས་ཡོད།

    ལོ་10སོང་རྗེས་སྔོན་ཆད་ཀྱི་རི་རྒོད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ཆ་རིམ་པ་སྟར་ཆགས་ཀྱི་སྐས་ཞིང་དུ་རིང་ཐུང་མི་འདྲ་བའི་དཔལ་འབྱོར་ལོ་ཏོག་སྣ་ཚོགས་ལ་མེ་ཏོག་བཞད་ནས་འབྲས་བུ་སྨིན་པ་དང་། ཚོད་འདེབས་བྱས་པའི་སྣ་ཁ་གསར་པའི་ཇ་ལོའི་སྐྱེ་ཚུལ་ལེགས་པ། ཕྱོགས་བསྡུས་གསོ་ཚགས་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ཡོད། ད་ཆ་དེར་བྱ་མུ་ཏིག་3000དང་བྱ་དམར་1500ཙམ་གསོ་ཚགས་བྱེད་བཞིན་ཡོད།

    “ད་ལྟའི་འཕེལ་རྒྱས་འདི་ངས་སྔོན་དཔག་བྱས་པ་ལྟར་བྱུང་སོང་། འོན་ཀྱང་མཐའ་མའི་དམིགས་ཡུལ་འགྲུབ་པར་ད་དུང་མུ་མཐུད་དཀའ་ལས་རྒྱག་དགོས”བཀྲ་ཤིས་དབང་འདུས་ཀྱིས“ཡུལ་མི་ཚོ་ང་དང་མཉམ་དུ་རི་རྒོད་སྔོ་འགྱུར་ལ་ཞུགས་རྗེས་ཡོང་འབབ་བྱུང་བ་མཐོང་སྐབས་དཀའ་ལས་རྒྱག་རིན་ཆོག་སོང་སྙམ་གྱི་འདུག”ཅེས་བཤད་བྱུང་།

(西藏昌都解放70周年·图文互动)(4)“我有一个植树梦”——扎西旺堆和他的“绿色家园”

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བཀྲ་ཤིས་དབང་འདུས་ཀྱིས་སྡོང་ཕྲུག་ར་བར་སེ་འབྲུའི་སྡོང་ཕྲུག་གི་སྐྱེ་འཚར་ལ་ལྟ་བཞིན་པ། (ཟླ་5ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ས་གནས་དེ་གའི་མང་ཚོགས་མི་ཐེངས་3800ལྷག་ཙམ་སྔ་རྗེས་སུ་མཉམ་ལས་ཁང་དུ་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་བྱུང་བ་དང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཚུད་ཡོད། མཉམ་ལས་ཁང་གིས་ད་དུང་སྔ་རྗེས་སུ་གསོ་སྦྱོང་སྣ་ཚོགས་ཐེངས་30ལྷག་ཙམ་བྱས་པ་དང་། འདེབས་འཛུགས་འཇོན་ཐང་ཅན་520དང་ཁ་ལོ་བ་26གསོ་སྦྱོང་བྱས་པ་རེད།

    བཀྲ་ཤིས་དབང་འདུས་ཀྱིས་འབྱུང་འགྱུར་འདི་གར་ཁྱད་ལྡན་གསོ་ཚགས་དང་། དཔལ་འབྱོར་ནགས་ཤིང་འདེབས་འཛུགས། སྤུས་ལེགས་ཤིང་འབྲས་ལས་སྣོན་ཞིབ་ཚགས། བཟའ་བཏུང་སྤྲོ་གསེང་ལྟ་སྐོར་སོགས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ཞིང་ལས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་གི་ཡིན་ཞེས་བཤད། ཐད་ཀར་བརྗོད་ན། ཁོང་གིས“ཁྱིམ་ཚང་ཞིང་ར་རྩེ་གྲ”ཞིག་གཏོད་པའི་འདུན་པ་འཆང་བཞིན་ཡོད།

    ཁོང་གི་བཟའ་ཟླ་དང་བུ། དེ་བཞིན་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕ་ཡུལ་དུ་ལོག་པའི་བུ་མོ་ཡང་རིམ་བཞིན་ལས་གཏོད་དཔུང་ཁག་ཏུ་ཞུགས་ཡོད།

    སྔོ་ལྗང་ལྗོན་ཤིང་གི་བསིལ་གྲིབ་འོག་སྐྱོད་སྐབས། སྣ་བའི་བུ་གར་ས་དྲི་ལྷང་ལྷང་དུ་འཐུལ་འོང་བ་དང་། རྒྱང་རིང་ནས་བྱ་ཕོའི་བྱ་སྐད་དང་སྒོ་ཁྱིའི་ཟུག་སྒྲ་རྣ་ལམ་དུ་ཡང་ཡང་གྲགས་འོང་། བཀྲ་ཤིས་དབང་འདུས་ཀྱིས་འགྲོ་ཞོར་དུ“ང་ནི་ཞིང་པ་ཞིག་ཡིན་པས། ཤིང་འཛུགས་པ་དང་ལོ་ཏོག་འདེབས་པར་དགའ་པོ་ཡོད”ཅེས་བཤད་བྱུང་།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394297441