བོད་ལྗོངས།
ཁུ་ཁུ་ཤི་རིའི་གཙོད་གཞི་ཁྱོན་ཆེན་པོས་གནས་སྤོ་བྱས་ནས་གཙོད་ཕྲུག་སྐྱེ་མཇུག་འགྲིལ་བ།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོ་ཁུལ་གྱི་ཁུ་ཁུ་ཤི་རིའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཁུ་ཁུ་ཤི་རིའི་གཙོད་གཅིག་རྗེས་གཉིས་མཐུད་ངང་དེ་སྔའི་འཚོ་གནས་བྱ་ཡུལ་དུ་ཕྱིར་ལོག་བྱས་པ་དང་ཉེ་དུས་གཞི་ཁྱོན་ཆེན་པོས་གནས་སྤོ་བྱས་ནས་གཙོད་ཕྲུག་སྐྱེ་མཇུག་འགྲིལ་བ་དང་། གནས་སྤོ་བྱས་པའི་གཙོད་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད་པ་རེད།

    ཁུ་ཁུ་ཤི་རིའི་ས་ཁུལ་དུ་གནས་པའི་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001དང་3002ས་ནི་གཙོད་གནས་སྤོ་བྱེད་སའི་བགྲོད་ལམ་གལ་ཆེན་ཞིག་རེད། བསྡོམས་རྩིས་བྱས་པ་ལྟར། 2020ལོར་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3002མཚམས་ནས་ཕྱིར་ལོག་བྱས་པའི་གཙོད་5952ཟིན་པ་དེ་2019ལོ་ལས་1092མང་དུ་ཕྱིན་པ་དང་2018ལོ་ལས་1430མང་དུ་ཕྱིན་པ་རེད།

    ཁུ་ཁུ་ཤི་རིའི་དོ་དམ་ཁྲུའུ་ཡིས་དབྱེ་ཞིབ་བྱས་པར་གཞིགས་ན། འདི་ལོར་ཁུ་ཁུ་ཤི་རིའི་དབུས་རྒྱུད་དུ་ཆར་པ་འབབ་ཚད་མང་དུ་ཕྱིན་ནས་ཕྱུགས་རྩྭ་སྐྱེ་འཚར་ཡག་པོ་བྱུང་བ་དེས་གཙོད་ཕྲུག་གསོན་ཚད་ཅུང་མང་དུ་ཕྱིན་པས་ཕྱིར་ལོག་པའི་གཙོད་ཀྱི་གྲངས་འབོར་མང་དུ་ཕྱིན་ཡོད།

    འདི་ལོའི་གཙོད་གནས་སྤོ་བྱས་ནས་གཙོད་ཕྲུག་སྐྱེ་བའི་དུས་ཚིགས་འགོ་ཚུགས་རྗེས། ཁུ་ཁུ་ཤི་རིའི་ལམ་ལྔ་གདུང་མ་སྲུང་སྐྱོང་ས་ཚིགས་ཀྱི་རི་སྐོར་རུ་མིས་མཚོ་བོད་གཞུང་ལམ་གྱི་གཙོད་གནས་སྤོའི་བགྲོད་ལམ་གྱི་སྐོར་སྲུང་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ལམ་སྒྲོལ་བའི་གཙོད་ཁྱུའི་ཆེད་དུ་དུས་ཐོག་ཏུ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་པ་རེད། མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་ལས་དོན་མི་སྣས“སྣོད་བཅུད་སྐར་ཁུང”རྒྱང་ཁྲིད་དྲ་རྒྱའི་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་སྤྱད་དེ་གཙོད་གནས་སྤོ་བར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་དང་གཙོད་གནས་སྤོར་ཞིབ་འཇུག་བྱེད་པར་དཔྱད་གཞི་མཁོ་འདོན་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394674361