བོད་ལྗོངས།
རྩ་ཆེའི་ཚེ་སྲོག་སེམས་ཅན་ཁྲི་སྟོང་མང་པོ་སྲུང་བར་ཕུལ།

    འདི་ལོར་ལོ་39ལ་སླེབས་པའི་ཟླ་ཆུང་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྲག་ཕུག་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་རེད།

    2016ལོར་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ས་ཚིགས་བཙུགས་མ་ཐག་པའི་སྐབས། ཟླ་ཆུང་གིས་རང་འགུལ་ངང་རེ་བ་ཞུས་ཏེ་དེར་ཞུགས་པ་དང་། རུ་མིའི་འོས་སྦྱོར་འོག་བྲག་ཕུག་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་གི་འགན་འཁུར། ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡོད་པའི་གནས་དེར་ཁོང་དང་ལས་རོགས་ཚོས་དམག་དོན་སྦྱོང་བརྡར་ལ་ཞུགས་ཤིང་། སྐོར་གཡེང་ཞིབ་བཤེར་དང་ལྟ་འཇལ་ལྟ་ཞིབ་སོགས་ཀྱི་ལས་འགན་སྒྲུབ་ཀྱི་ཡོད་པ་རེད།

    “ཉིན་ལྟར་ལྷགས་པ་ཆེན་པོ་རྒྱག་པ་མ་ཟད། ཉིན་མོ་དང་མཚན་མོའི་དྲོད་ཚད་ལ་ཧེ་བག་ཆེན་པོ་ཡོད་ཅིང་། དགུན་དུས་གྲང་ངར་ཧ་ཅང་ཆེན་པོ་ཡོད”ཅེས་ཟླ་ཆུང་གིས་བརྗོད་པ་དང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དོ་དམ་ས་ཚིགས་ཀྱི་ལས་དོན་པ་ཚོ་གཟའ་འཁོར་རེར་སྐོར་གཡེང་ལ་ཐེངས་གཅིག་ནས་གཉིས་བར་འགྲོ་ཡི་ཡོད་པ་དང་། ཐེངས་རེར་མི་བཞི་ནས་ལྔ་ཚོགས་ཆུང་རེ་བྱས་ཏེ་ལྟོ་ཆས་ཁྱེར་ནས་ཆུ་ཚོད་བདུན་ནས་བརྒྱད་བར་འགྲོ་དགོས་ཤིང་། སྐོར་གཡེང་གི་ཁྱབ་ཁོངས་སྤྱི་ལེ་བརྒྱ་ཕྲག་ཟིན་གྱི་ཡོད། ད་དུང་རླངས་འཁོར་འདམ་རྫབ་ནང་ལུས་པའམ་ཡང་ན་ལམ་ནོར་ཐེབས་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད།

    “རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་གྱི་དུས་ཚིགས་འཁེལ་སྐབས། བསྟུད་མར་ཉིན་བཅུ་ལྷག་ཙམ་སྐོར་གཡེང་བྱེད་དགོས་པས། ང་ཚོ་ཐ་ན་གཙང་སྦྲ་བྱེད་ཁོམ་ཡང་མི་འདུག”ཅེས་ཟླ་ཆུང་གིས་བརྗོད།

    སྤྲོ་སྣང་དབེན་ཞིང་དཀའ་ཚེགས་ཆེ་བའི་ལས་ཀ་བྱེད་སྐབས། སྐབས་རེ་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་ཁག་གཅིག་ཀྱང་ཡོད་དེ། “འདི་ལོའི་ཟླ་ལྔ་པར་ང་ཚོས་སྐོར་གཡེང་བྱེད་སྐབས་གཙོད་ཕྲུག་ཅིག་ལྕགས་དྲར་འཁོན་པ་མཐོང་བྱུང་། གཙོད་ཕྲུག་བཙས་ནས་ཟླ་ཁ་ཤས་ལས་སོང་མེད་པས། ང་ཚོས་ཁྱིམ་དུ་གཟའ་འཁོར་གཉིས་ཙམ་གསོས་རྗེས་གློད་པ་ཡིན། གཙོད་ཕུད་པའི་ད་དུང་སྤྱང་ཕྲུག་དང་ཝ་མོ་སོགས་ཀྱང་ང་ཚོས་གསོ་མྱོང་ཡོད། གློད་དུས་འབྲལ་མི་ཕོད་པ་ཞིག་འདུག ངས་ཁོང་ཚོ་རང་ཉིད་ཀྱི་ཕྲུ་གུ་ལྟར་བརྩི་ཡི་ཡོད”ཅེས་ཟླ་ཆུང་གིས་བརྗོད།

    ཟླ་ཆུང་གིས་བརྗེད་དཀའ་ཤོས་ཤིག་ནི་2017ལོར་ཁོང་གིས་རྒྱུན་གཏན་སྐོར་གཡེང་བྱེད་སྐབས་ཤན་ཆེན་ཤང་རལ་གཞུང་གྲོང་ཚོར་ལོ་ཤས་སྔོན་གྱི་མེ་མདའ་ཁྱེར་ནས་ལྐོག་ཏུ་རི་སྐྱེས་སྲོག་ཆགས་བརྔོན་པའི་གྱོད་དོན་ཚབས་ཆེན་གྱི་ཉེས་གསོག་དོགས་ཅན་ཡོད་པ་ཤེས། དེ་ནས་ཟླ་ཆུང་གིས་འཕྲལ་མར་མཉམ་དུ་སྐོར་གཡེང་བྱེད་མཁན་ལས་རོགས་གསུམ་ནགས་ཚལ་སྤྱི་བདེ་ཅུས་ལ་ལན་སྐྱེལ་བར་མངགས་པ་དང་། རང་ཉིད་རལ་གཞུང་གྲོང་ཚོར་ཉེས་གསོག་དོགས་ཅན་བསྲུངས་ནས་བསྡད། མཐར་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་དང་མཉམ་དུ་མི་མེད་ལུང་སྟོང་དུ་ཉིན་ཞག་གཉིས་རྗེས་འདེད་བཏང་རྗེས་གཞི་ནས་ཉེས་གསོག་དོགས་ཅན་བཟུང་པ་རེད།

    ཟླ་ཆུང་གིས་བྲག་ཕུག་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་གི་འགན་འཁུར་ཚུན། ཁོང་དང་ཁོང་གི་ལས་རོགས་ཚོས་མི་གཞན་གྱི་ཐེག་མི་ཐུབ་པའི་དཀའ་ཚེགས་ཁྱད་དུ་བསད་དེ་ཚེ་སྲོག་ལ་མ་འཛེམས་པར་ས་ཆ་དེ་གའི་ལྷིང་འཇགས་སྲུང་བཞིན་ཡོད། མིག་སྔའི་བར་བྲག་ཕུག་ས་ཚིགས་ཀྱི་ཁོངས་གཏོགས་སུ་རི་སྐྱེས་སྲོག་ཆགས་ལྐོག་རྔོན་དང་གསེར་བྱེ་བརྐུས་པའི་གྱོད་གཞི་གཅིག་ཀྱང་ཐོན་མེད་པ་དང་ཟླ་ཆུང་ཡང་ངོ་གནོངས་མི་དགོས་པའི་བྱང་ཐང་སྲུང་སྐྱོང་བ་ཞིག་ཏུ་གྱུར་ཡོད།

    “འདི་གར་ལས་ཀ་བྱེད་པར་དཀའ་ཚེགས་ཆེ་ལ་དངུལ་ཡང་མང་པོ་མེད་པས། དང་ཐོག་ནང་མིས་ཀྱང་བསམ་ཤེས་བྱེད་ཀྱི་མི་འདུག འོན་ཀྱང་རང་ཉིད་ཀྱི་ངོས་ནས་བརྗོད་ན་ལས་ཀ་འདིར་དོན་སྙིང་ཆེན་པོ་འདུག་སྙམ་གྱི་འདུག”ལོ་མང་པོའི་རིང་ཟླ་ཆུང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་ལས་ཀ་འདི་སྒྲུབ་པའི་དོན་སྙིང་རྟག་ཏུ་ནང་མི་ཚོར་ཤོད་ཀྱི་ཡོད་པས་མཐར་ནང་མིའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད།

    “ང་ཚོས་སྲུང་སྐྱོང་བྱེད་བཞིན་ཡོད་པས། འདི་གའི་རི་སྐྱེས་སྲོག་ཆགས་མང་དུ་ཕྱིན་ཡོད་ལ། སྣོད་བཅུད་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད། མུ་མཐུད་རྒྱུན་འཁྱོངས་བྱས་ཚེ། མི་དང་རང་བྱུང་ཁམས་སྔར་བས་ཞི་མཐུན་མཉམ་གནས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཟླ་ཆུང་གིས་བརྗོད།=

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394928191