བོད་ལྗོངས།
ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱེ་རླུང་བཀག་འགོག་ནུས་ལྡན་ཐུབ་པ།

     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་འཚོགས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་ཀྱི་གནས་ཚུལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་གསོ་མུའུ་ཁྲི་4.5དང་། བྱེ་འགོག་བྱེ་བཅོས་མུའུ་ཁྲི་40བྱས་པས། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་བྱེ་མ་མང་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད།

    ཡར་ཀླུང་གཙང་པོའི་བཞུར་རྒྱུན་རིང་མོ་ལྷོ་ཁའི་ཁོངས་སུ་སླེབས་རྗེས་གཙང་པོའི་ཁ་ཞེང་ཡངས་སུ་ཕྱིན་ཏེ་ཆུ་བོ་རྒྱུག་ཚད་དལ་དུ་འགྲོ་ཡི་ཡོད། དགུན་ཁ་དང་དཔྱིད་ཀར་གཙང་པོའི་བྱེ་མ་རྣམས་འབུར་དུ་ཐོན་ནས་ལྷགས་པ་ཆེན་པོ་རྒྱག་སྐབས་བྱེ་མ་གང་སར་ཁྱེར་ཏེ་དུས་ཡུན་རིང་པོ་སོང་རྗེས་ཡུག་སྦྲེལ་གྱི་བྱེ་ཕུང་ཆགས་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་80ནས་བཟུང་། བྱེ་རླུང་ཆེན་པོ་ལྡང་བའི་ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུར་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་སྐྲུན་འགོ་ཚུགས་ཏེ། གོང་དཀར་རྫོང་ནས་ཟངས་རི་རྫོང་བར་གྱི་རིང་ཚད་ལ་སྤྱི་ལེ་160དང་ཞེང་ཚད་ལ་སྨི་1800ཡོད་པའི་ཡར་ཀླུང་གཙང་པོའི་སྔོ་ལྗང་སྣོད་བཅུད་བར་ཁྱམས་བཏོད་ཡོད།

    སྣོད་བཅུད་འཛུགས་སྐྲུན་གྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཁ་གྲོང་ཁྱེར་གྱིས་གཙང་ཚའོ་དང་། དབྱི་ལི། ཅང་ཕིང་སྐྱེ་དངོས་སོགས་སྔོ་ལྗང་ཁེ་ལས་ཁག་གཅིག་ནང་འདྲེན་བྱས་ནས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་18ཙམ་བཏང་སྟེ་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། སྣོད་བཅུད་དབུལ་སྐྱོར་ཐོན་ལས་རྣམ་གྲངས་30ལག་ལེན་བསྟར་བ། མུའུ་ཁྲི་ཟིན་པའི་སྡོང་ཕྲུག་རྟེན་གཞི་དང་། མུའུ་ཆིག་སྟོང་ཟིན་པའི་ཀུ་ཤུའི་སྡོང་ཆུང་རྟེན་གཞི། མུའུ་ཆིག་སྟོང་ཟིན་པའི་རྒུན་འབྲུམ་རྟེན་གཞི་སོགས་སྣོད་བཅུད་ཐོན་ལས་རྣམ་གྲངས་ཁག་གཅིག་བསྐྲུན་པས། གཙང་པོའི་བྱང་ངོགས་ཀྱི་མུའུ་ཁྲི་ཟིན་པའི་ནགས་ཚལ་དང་འབྲས་ཤིང་གི་དཔལ་འབྱོར་ཁུལ་རགས་ཙམ་ཆགས་ཏེ་སྣོད་བཅུད་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།

    “ང་ཚོས་ཁྲོམ་ར་ཅན་གྱི་ལམ་དུ་བསྐྱོད་པ་མཐའ་འཁྱོངས་དང་། ཁྲོམ་རའི་བྱེད་པོས་ཐོན་ལས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་རྩྭ་རྩི་ཤིང་གཞི་ཁྱོན་ཆེན་པོས་བཏབ་པས། རླུང་འགོག་བྱེ་འཇགས་དང་ཁོར་ཡུག་སྔོ་འགྱུར་གྱི་ནུས་པ་ཐོན་ཏེ་ཡར་ཀླུང་གཙང་པོའི་བྱང་ངོཌ་ཀྱི་རང་བྱུང་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དེ་སྔའི་བྱེ་རླུང་མང་བའི་ཐང་རྒོད་སྣོད་བཅུད་སྡོད་མལ་ལ་འཚམ་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ལ་གྱུར་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲང་ཧྥུའུ་ཁྲེང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་དེ་ལྟར་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395627121