བོད་ལྗོངས།
ཡུལ་སྐོར་བ་མི་ཐེངས་ཁྲི་3200ལས་བརྒལ་ནས་བོད་ཀྱི་ཡུལ་སྐོར་སླར་གསོར་གསོན་ཤུགས་རྒྱས་པ།

    ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཕོག་པའི་སྐབས་སུ“འཛམ་གླིང་ཡང་རྩེར”གནས་པའི་བོད་དུ་ཡུལ་སྐོར་དར་བའི་དུས་འཆར་ཡོད། འདི་ལོའི་གོང་གི་དུས་ཚིགས་གསུམ་པར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3201ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་334.9ཟིན་ནས་ཡུལ་སྐོར་སླར་གསོ་བྱུང་བཞིན་ཡོད་པ་རེད།

    ཟླ་11ཚེས་8ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གནམ་ལྕགས་འབར་བའི་རི་མཐོའི་མར་སུན་རྒྱུགས་འགྲན་སྐབས་གཉིས་པ་འགོ་ཚུགས་པ་དང་ལུས་རྩལ་པ་186ས་མཐོའི་རྩལ་འགྲན་ནང་ཞུགས་པ་དང་ཡུལ་སྐོར་བ་མང་པོ་ལྟད་མོ་ལྟ་བར་སླེབས་ཡོད། ཆུ་བོ་ལང་ལོང་དུ་རྒྱུགས་པའི་ཡར་ཀླུང་གཙང་པོའི་རོང་ཆེན་དང་མཁའ་དབྱིངས་སུ་ཟུག་པ་ལྟ་བུའི་གནམ་ལྕགས་འབར་བའི་ཡིད་འོང་དགའ་ཚལ་གླིང་དུ་ཀོང་ཏུང་ནས་ཡིན་པའི་ཡུལ་སྐོར་བ་སུའུ་ཆིས་མྱོང་ཚོར་ཟབ་མོས“གངས་ལྗོངས་ས་མཐོའི་མཛེས་པའི་རི་ཀླུང་མིག་གི་ལོངས་སྤྱོད་དུ་བྱེད་པ་དང་། ཁྱད་དུ་འཕགས་པའི་མི་རིགས་ཀྱི་རིག་གནས་མྱོང་རོལ། མེས་རྒྱལ་མཐའ་མཚམས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པས། མི་རྣམས་ལུས་བདེ་སེམས་སྐྱིད་མི་ཡོང་བ་ག་ལ་སྲིད”ཅེས་བརྗོད་བྱུང་།

    བོད་རང་སྐྱོང་ལྗོངས་སུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། བརྗིད་ཆགས་ཀྱི་རི་བོ་ཧི་མ་ལ་ཡ་དང་། མུ་མཐའ་མེད་པའི་བྱང་རྩྭ་ཐང་། ཡིད་དུ་འོང་བའི་བོད་ཤར་གྲོང་གསེབ། བརྗིད་ཆགས་ཀྱི“མཁའ་དབྱིངས་ཀྱི་མངའ་རིས” བཅས་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་སྐྱོད་འདོད་པའི་ས་ཆ་ཤ་སྟག་རེད། འདི་ལོ་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པར་བརྟེན། ཀྲུང་གོ་བ་མང་པོ་ཞིག་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པའི་འཆར་གཞིར་འགོག་རྐྱེན་འཕྲད་པ་མ་ཟད། རྒྱལ་ནང་གི་ཡུལ་སྐོར་བྱ་གཞག་ལའང་སྐབས་ཤིག་རིང་ཤུགས་རྐྱེན་ཕོག་ཡོད། རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལེགས་སུ་ཕྱིན་རྗེས། བོད་ཀྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་ཐོན་ཁུངས་སྤྱད་པར་བརྟེན་བོད་འདི་ཉིད་ཡུལ་སྐོར་བའི་ཕྱིར་སྐྱོད་དམིགས་སར་གྱུར་ཡོད།

    གྲངས་གཞི་ལས་མངོན་པར། 2020ལོའི་ལོ་སྟོད་དུ་བོད་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་ཐུབ་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་ཁྲོད་ནས་ཨང་དང་པོར་སླེབས་ཤིང་། ཟླ་བདུན་པའི་ཟླ་དཀྱིལ་བར། རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་སྐོར་བྱེད་པའི་ཚད་བཀག་ལྷུག་ཏུ་བཏང་རྗེས། ཟླ་ཕྱེད་ལྷག་ཙམ་ནང་ལྷ་སའི་ཕོ་བྲང་པོ་ཏ་ལར་ཉིན་རེར་ཡུལ་སྐོར་བྱེད་མཁན་སྔོན་དཔག་ལས་མང་དུ་ཕྱིན་ཡོད། འདི་ལོའི་རྒྱལ་སྟོན་གྱི་ངལ་གསོའི་ཉིན་མོའི་ཉིན་དང་པོ་ནས་བདུན་པའི་བར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་177.46ལ་སྣེ་ལེན་ཞུས་པ་དང་དུས་མཚུངས་ལས་11.45%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.35འཕར་བ་དང་དུས་མཚུངས་ལས་14%འཕར་ཡོད། ཡུལ་སྐོར་བ་མང་བའི་སྐབས་སུ་ས་གནས་ལ་ལའི་མགྲོན་ཁང་དང་འགྲུལ་ཁང་དུ་ཡུལ་སྐོར་བས་ཁེངས་ཀྱི་ཡོད།

    ཡུལ་སྐོར་མགྱོགས་མྱུར་སླར་གསོ་བྱུང་བའི་ཁྲོད་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མཐོང་ཐུབ་པ་དང་བོད་ཀྱིས་གངས་ལྗོངས་ཡུལ་སྐོར་གྱི་ཁྱབ་རྒྱ་དང་བར་མཐོངས་རྒྱ་ཆེར་བཏང་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ལས་རིགས་མཐུན་ཚོགས་དང་དེ་བཞིན་ཁྲོམ་རའི་བྱེད་པོ་དང་མཉམ་དུ“གནམ་མཚོའི་ཡུལ་སྐོར”གྱི་ལམ་ཐིག་འཆར་འགོད་བྱས་པ་མ་ཟད། འདི་ཉིད་བོད་བྱང་ཐང་ཁུལ་གྱི་ཡུལ་སྐོར་གསར་སྤེལ་ལ་སྐུལ་ཁྲིད་བྱེད་པའི་སྣེ་འདྲེན་ཐོན་རྫས་ལ་གྱུར་པ་བྱས་ནས་བོད་ཀྱི་ཡུལ་སྐོར་གྱི“ཤར་ལྷོར་ཡུལ་སྐོར་བྱེད་མང་བ་དང་ནུབ་བྱང་དུ་ཡུལ་སྐོར་བྱེད་ཉུང་བའི”རྣམ་པར་ནུས་ཤུགས་ཡོད་རྒུས་འགྱུར་ལྡོག་བཏང་ཡོད།

    “འདི་ལོ་བོད་དུ་རང་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་གྱི་བསྡུར་ཚད་མངོན་གསལ་དོད་པོས་འཕར་ཡོད། 2019ལོའི་ལོ་མཇུག་བར་བོད་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་བཅུ་ལས་བརྒལ་བ་དང་ལྷ་སས་ལྟེ་བར་བྱས་པའི་རིམ་མཐོའི་གཞུང་ལམ་དྲ་བ་མགྱོགས་མྱུར་ཆགས་ཡོད། མངའ་རིས་དང་ཆབ་མདོ་སོགས་སུ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་བཞིན་ཡོད་པ་དང་། ཟླ་11པའི་ཟླ་འགོར་ཁྲོན་བོད་གཞུང་ལམ་དངོས་སུ་བསྐྲུན་འགོ་ཚུགས་ཡོད་ལ། མཚོ་བོད་ལྕགས་ལམ་ཡང་གློག་རླངས་ཅན་དུ་སྒྱུར་བཀོད་བྱ་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་བརྗོད།

    ཝང་སུང་ཕིང་གིས་འབྱུང་འགྱུར་བོད་ཀྱིས་རིག་ལྡན་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡུལ་སྐོར་བ་བོད་དུ་སྐྱོད་པའི་མ་གནས་དམའ་རུ་ཏན་ཏིག་གཏོང་བ་དང་། ཡུལ་སྐོར་གྱི་སྟབས་བདེའི་རང་བཞིན་མཐོ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་ཏུ་གཏོང་བ། ལྗང་མདོག་དང་བདེ་ཐང་ཡུལ་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བཅས་བྱས་ཏེ“འཛམ་གླིང་ཡང་རྩེ”འདི་ཉིད་རྒྱ་ཆེའི་ཡུལ་སྐོར་བའི“ཡུལ་སྐོར་བྱ་ཡུལ་ཡག་ཤོས”ཤིག་ཏུ་གྱུར་པར་བྱ་རྒྱུ་མ་ཟད། ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་མི་སེར་ལ་འབབ་འཕར་ཡོང་རྒྱུར་སྔར་བས་སྣེ་ཁྲིད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་པིན་ཁུན་དང་སྒྲོན་ལགས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395695621