བོད་ལྗོངས།
མཁའ་རླུང་གི་སྤུས་ཀ་ལེགས་ཚད་97%ཡན་ཟིན་པ།

    མངའ་རིས་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན་པ།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར། མངའ་རིས་ས་ཁུལ་གྱིས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཡག་པོ་བྱུང་ནས་སྦགས་བཙོག་དངོས་པོ་གཙོ་བོར་ཚོད་འཛིན་བྱེད་པའི་སྟོན་གྲངས་དང་ཐོན་ཁུངས་ཟད་གྲོན་གྱི་ཚད་གཞིར་ཚོད་འཛིན་བྱེད་རྒྱུ་དེ་རྒྱལ་ཁབ་དང་རང་ལྗོངས་ཀྱིས་གཏན་ལ་ཕབ་པའི་ཁྱབ་ཁོངས་སུ་གནས་པ་དང་མཁའ་རླུང་གི་སྤུས་ཀ་ལེགས་ཚད་97%ཡན་ཟིན་ཞིང་། གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་དེ་ལས་ཡག་པ་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་ངང་འཐུང་ཆུ་སྤྱོད་པའི་ཆུ་འགོའི་སྤུས་ཚད་ཚང་མ་ཚད་ལོངས་པ་མ་ཟད། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ཀྱང་སྤྱི་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་བྱུང་ཡོད་པ་རེད། ན་ནིང་ཟླ་བཅུ་པར། མངའ་རིས་ས་ཁུལ་གྱིས་ད་དུང་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ས་ཁུལ་བདེ་བླག་ངང་བཏོད་པ་རེད།

    ལོ་གཅིག་ཙམ་རིང་། མངའ་རིས་ས་ཁུལ་གྱིས་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། མཚོན་བྱེད་རང་བཞིན་གྱི་དམག་འཐབ་ཆེན་པོ་ལྔར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། “མཐོར་གཏོང་གསུམ་དང་། བཅོས་སྒྲིག་གསུམ”གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“གནམ་སྔོན་པོ”དང་། “ཆུ་དྭངས་བ”“ས་གཙང་”བཅས་སྲུང་སྐྱོང་གི་དམག་འཐབ་རྒྱག་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཞིང་། ད་བར་སྣུམ་སྣོན་ས་ཚིགས་28ལ་སྣུམ་རླངས་ཀྱི་མདོང་ལམ་བཟོ་བའི་སྒྱུར་བཀོད་དང་ཚུར་བསྡུ་བཅོས་སྒྲིག་གི་ལས་དོན་ལེགས་སྒྲུབ་བྱས་ནས། སེང་གེ་ཁ་འབབ་གྲོང་རྡལ་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་རྒྱང་རིང་ནས་ལྟ་ཞིབ་ཚད་ལེན་གྱི་མ་ལག་དང་ལྟ་འདོམས་ཀྱི་ལས་སྟེགས་བསྐྲུན་པ་དང་། རྫོང་7ལ་སྦགས་བཙོག་ཆེ་བའི་འབུད་རྫས་གཏན་འགོག་ཁུལ་དབྱེ་འབྱེད་གཏན་འཁེལ་གྱི་ལས་དོན་དང་གཞུང་ལམ་མིན་པར་བསྐྱོད་པའི་སྒུལ་བདེའི་འཕྲུལ་འཁོར་བསྡོམས་རྩིས་དང་ཨང་སྒྲིག་ཐོ་འགོད་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ། གཙང་པོ་དང་མཚོའི“ཟང་ཟིང་བཞི་གཙང་སེལ”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གཙང་པོ་དང་མཚོར་དབྱུགས་པའི་གད་སྙིགས་ཏུན་57.7གཙང་མ་བཟོས་པ། མངའ་རིས་ས་ཁུལ་གྱི་རྫོང་7གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་ཚད་ལྡན་འཛུགས་སྐྲུན་གྱི་ལས་དོན་ལེགས་སྒྲུབ་བྱས་པ། འཕྲུལ་སྣུམ་སྙིགས་རོ་ཏུན་97གཙང་སེལ་བྱས་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་མུ་མཐུད་སྤེལ་ནས་གད་སྙིགས་ཏུན་180གཙང་སེལ་དང་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ནང་གི་འཕྲོད་བསྟེན་གསང་སྤྱོད་7000དང་སྤྱི་པའི་གསང་སྤྱོད་96སྒྱུར་བཀོད་བྱས་ཏེ་རྒྱུན་གཏན་བཞིན་འཁོར་སྐྱོད་ཡོང་བར་བྱས་པ་བཅས་རེད།

    མངའ་རིས་ས་ཁུལ་གྱིས་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བསྐྲུན་རྒྱུར་ཕྱོགས་ཡངས་ནས་སྐུལ་འདེད་བཏང་སྟེ་ས་ཁུལ་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྒྲིག་བཟོའི་ལས་དོན་རྩ་བའི་ཆ་ནས་ལེགས་སྒྲུབ་བྱས་ནས་སྣོད་བཅུད་དང་། ཐོན་སྐྱེད། འཚོ་བ་བཅས་ཀྱི་བར་མཐོངས་ཚན་རིག་དང་མཐུན་པའི་ངང་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། ས་ཆ་མུའུ་2800ལ་འོས་འགན་ཤིང་འཛུགས་བྱས་ནས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ས་ཆ་མུའུ་ཁྲི་2.1ལ་ཤིང་འཛུགས་སྔོ་ཁེབས་ལས་གྲྭ་དང་། ས་ཆ་མུའུ་ཁྲི་29.7ལ་བྱེ་འགོག་བྱེ་བཅོས་ལས་གྲྭ ས་ཆ་མུའུ་ཁྲི་1.8ལ་སྣོད་བཅུད་སྤྱི་ཕན་ནགས་ཚལ་བསྐྲུན་པའི་རྣམ་གྲངས་བཅས་ལག་བསྟར་བྱས་པ་མ་ཟད། རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་དང་ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་ཁ་གསབ་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས། སྣོད་བཅུད་ཀྱི་ལས་གནས་ཁྲི་2ལྷག་དོན་འཁྱོལ་དང་ཆུ་བོ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་ཡོད། དེང་རབས་སྒྲིག་བཀོད་ཞིང་འབྲོག་ལས་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྒར་རྫོང་གི་སྣོད་བཅུད་ཞིང་ལས་དཔེ་སྟོན་གླིང་སོགས་གླིང་དང་རྟེན་གཞི་11བསྐྲུན་ཏེ། “མཐའ་སྣེ་གསུམ་པའི་གྲོག་རོང་དང་། གནའ་བོའི་ཞང་ཞུང་གི་རིག་གནས་མྱོང་རོལ”གྱི་ཡུལ་སྐོར་སྤུས་རྟགས་སྐྱེད་སྲིང་དང་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་115ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་13.6ཟིན་ཡོད་པ་རེད།

    2020ལོར། མངའ་རིས་ས་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་11.9དོན་འཁྱོལ་བྱས་ཡོད། ལྟ་འདོམས་མ་ལག་བསྐྲུན་པའི་ཐད། མངའ་རིས་ས་ཁུལ་གྱིས་རིམ་པ་བཞིའི་དྲ་མིག་ཅན་གྱི་ལྟ་འདོམས་མ་ལག་བཙུགས་ཏེ། ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། དུས་རྒྱུན་དུ་སྤེལ་བ། གཅིག་གྱུར་བཀོད་གཏོང་། གཏོགས་ཁོངས་ཁུལ་རིགས་དབྱེ་བཅས་ཀྱི་ཁོར་ཡུག་ལྟ་འདོམས་བྱེད་སྟངས་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཞིང་། ན་ནིང་ལོ་ཧྲིལ་པོར་ཁྲིམས་འཛིན་ཞིབ་བཤེར་བྱེད་སྒོ་ཐེངས་295སྤེལ་བ་དང་། དུས་བཀག་བཞིན་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་ཁག་40བཏང་བ། དངུལ་ཆད་སྒོར་ཁྲི་24.7བཅད་པ། ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་9བདག་སྤྲོད་བྱས་ནས་ཐག་གཅོད་བྱེད་ཚད་100%ཟིན་པ། བཙོག་འབུད་ཀྱི་ཐོ་འགོད་ཁག་288དང་བཙོག་འབུད་ཆོག་འཐུས་ལག་ཁྱེར་23སྤྲོད་པའི་ལས་དོན་བསྒྲུབས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396397071